ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་སི་རི་ལན་ཁའི་ཆུ་མཁོ་འདོན་རྣམ་གྲངས་སྤྱོད་འགོ་ཚུགས་པ།
འདི་ནི་སི་རི་ལན་ཁའི་ཨ་ཐ་ནའི་ཆུའི་བཟོ་གྲྭ་ཡིན་པ།
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པང་ཁོག་ནས་གློག་འཕྲིན་འབྱོར་གསལ། ཁོ་ལོན་པོ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་འཕྲུལ་ཆས་སྒྲིག་ཆས་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བའི་སི་རི་ལན་ཁའི་ཨ་ཐ་ན་ཆུ་མཁོ་འདོན་རྣམ་གྲངས་ཟླ་9ཚེས་18ཉིན་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ཡུལ་དེ་གའི་གྲོང་མི་ཁྲི་60ལྷག་ཙམ་ལ་བློས་འགེལ་ཆོག་པའི་ཆུ་ཁུངས་གཙང་མ་མཁོ་འདོན་ཐུབ་རྒྱུ་རེད།
དེ་ཉིན་སི་རི་ལན་ཁའི་ཅ་མུའུ་ཕོ་ཧ་རུ་རྣམ་གྲངས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། སི་རི་ལན་ཁའི་ཕྱི་འབྲེལ་དང་དེ་བཞིན་ཕྱི་རྒྱལ་གྱི་ལས་ཞུགས་དང་ཡུལ་སྐོར་པུའུ་ཀྲང་ཝེ་ཅི་ཐ·ཧོ་ལ་ཐེས་མཛད་སྒོའི་ཐོག་ཨ་ཐ་ན་ཆུ་མཁོ་འདོན་རྣམ་གྲངས་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། སི་རི་ལན་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དམ་ཟབ་ཡོད་ཅིང་། ཨ་ཐ་ན་ཆུ་མཁོ་འདོན་དང་རྣམ་གྲངས་གཞན་དག་ཐད་ཀྲུང་གོས་སི་རི་ལན་ཁར་རོགས་རམ་བྱས་པ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཐག་སྔར་བས་དམ་དུ་ཕྱིན་ཡོད་ཅེས་བརྗོད།
སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆི་ཀྲེན་ཧུང་གིས། རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་ཡུལ་དེ་གའི་སྤྱི་པའི་འཕྲོད་བསྟེན་དང་དམངས་འཚོའི་ཆ་རྐྱེན་ལེགས་སུ་འགྲོ་རྒྱུ་མ་ཟད། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཡང་སྣོན་རྒྱུ་རེད་ཅེས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། ཨ་ཐ་ན་ཆུ་མཁོ་འདོན་རྣམ་གྲངས་ལ་ཉིན་རེར་སྨི་རྒྱ་དཔངས་གྲུ་བཞི་ཁྲི་5.4ཟིན་པའི་ཆུ་གཙང་གསིང་བཟོ་གྲྭ་བཀོད་སྒྲིག་བྱས་པ་མ་ཟད། ནུས་ཆེའི་ཆུ་འཐེན་འཕྲུལ་འཁོར་དང་། ཆུ་གསོག་རྫིང་བུ། དེ་བཞིན་སྤྱི་ལེ་590ཙམ་གྱི་ཆུ་སྦུག་བཅས་ཀྱིས་འདེགས་སྐྱོར་བྱས་ཏེ་བློས་འགེལ་ཆོག་པའི་སྒོ་ནས་སྡེ་ཁུལ་ཚང་མར་ཆུ་མཁོ་འདོན་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།