གཅིག་སྒྲིལ་དུ་ལྕི་བར་རིན་ཐང་གསར་པ་མངོན་པ།
ཟླ་9ཚེས་15ཉིན། G345རྒྱལ་ལམ་བརྒྱུད་བྱང་ཤར་ཕྱོགས་སུ་ལུང་དཀར་ཉག་ཁ་བརྒལ་ཏེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་དུ་འབྱོར། “ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས”མཉམ་འདྲེས་འཕེལ་རྒྱས་ཀྱི་རྟེན་གཞིར་སླེབས་སྐབས། རྩྭ་ཐང་གི་བློ་གྲོས་འདུས་པའི་འགྲེམས་རྫས་དག་ས་མཐོའི་ཉི་འོད་འོག་འོད་འཚེར་འཚེར་བྱེད་པ་མཐོང་། དེ་རིང་ཤོད་པའི་གཏམ་རྒྱུད་ཀྱི་མི་སྣ་གཙོ་བོ་ནི་ངག་དབང་རབ་རྒྱས་ཡིན། འོན་ཀྱང་གཏམ་རྒྱུད་ཀྱི་ནང་དོན་གཙོ་བོ་ནི་ཚང་མས་གོ་མྱོང་མཐོང་མྱོང་ཡོད་ཀྱང་རྒྱུས་མངའ་ཆེན་པོ་མེད་པའི་ལྕི་བ་ཡིན།
འགྲེམས་ཁང་དུ་སྐྱོད་སྐབས། ལོ་29ལ་སླེབས་པའི་ངག་དབང་རབ་རྒྱས་ཀྱིས་ཁྲོམ་བཀྱག་ལེགས་སྒྲིག་བྱེད་བཞིན་འདུག ཁོང་གིས་ཤོག་ལྷེ་ཞིག་ལ་མཛུབ་མོས་རེག་ཙམ་བྱས་ནས“འདི་ནི་ལྕི་བས་བཟོས་པའི་ཤོག་བུ་རེད”ཅེས་མིག་ནས་གཟི་མདངས་འཕྲོ་བཞིན་བཤད། ཁོང་གིས་ཁ་པར་མར་བཏོན་ནས་རང་ཉིད་ཀྱི་སྐད་འཕྲིན་གྱི་བརྙན་སྟེགས་ཨང་རྟགས་བཤེར་ཏེ་རྒྱལ་ཡོངས་ས་གནས་ཁག་གི་སྐུ་མགྲོན་ལ་ལན་བཏབ་སྟེ་རྩྭ་ཐང་མཐིལ་དུ་གནས་པའི་རྫོང་གྲོང་ཆུང་ངུ་དེ་དང་རྩྭ་ཐང་ཕྱི་རོལ་གྱི་འཛམ་གླིང་གཉིས་འབྲེལ་བ་ཆགས།
ངག་དབང་རབ་རྒྱས་ནི་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་ཞིང་། དེ་རྗེས་སི་ཁྲོན་ལྷ་གཡག་ཀོ་ཆས་ཐོན་རྫས་ཚད་ཡོད་ཀུང་སིར་ཐོན་རྫས་ཇུས་འགོད་ཀྱི་ལས་ཀར་ཞུགས། གྲོང་ཁྱེར་ནང་སླེབས་རུང་ཁོང་གིས་རང་ཉིད་འཚར་ལོངས་བྱུང་སའི་རྩྭ་ཐང་བརྗེད་མེད། 2023ལོར། ཁོང་ཕ་ཡུལ་མགོ་ལོག་ཀྲོའུ་གཅིག་སྒྲིལ་རྫོང་དུ་ལོག་ནས་ས་གནས་དེ་གའི་རིག་གནས་གསར་གཏོད་བྱ་གཞག་ནང་ཞུགས་པར་གཅིག་སྒྲིལ་རྫོང་གི“ལྕི་བའི་ལག་ཤེས་བཟོ་རྩལ”གྱི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པར་བདམས། ཁོང་གིས“ངས་རྩྭ་ཐང་གི་རིག་གནས་ཐག་དེ་བས་རིང་སར་ཁྱབ་གདལ་བཏང་ནས་མི་དེ་བས་མང་པོས་འབྲོག་པའི་རིག་གནས་ཀྱི་དོན་སྙིང་ཟབ་མོར་རྒྱུས་མངའ་ཐུབ་ན་བསམ་གྱི་འདུག”ཅེས་བརྗོད།
འགྲེམས་ཁང་དེའི་གྱང་ངོས་ཀྱི་ཚན་སྒྲིག་པར་རིས་ཞིག་གིས་གསར་འགོད་པའི་ཡིད་དབང་འཕྲོག་ཅིང་། དེ་ནི་ངག་དབང་རབ་རྒྱས་ཀྱིས་གཅིག་སྒྲིལ་རྩྭ་ཐང་དུ་ཁྱབ་གདལ་བཏང་བའི“ལྕི་བའི་གྱང་གི་འཆར་འགོད”རེད། ཁོང་གིས་དེང་རབས་ཀྱི་དབྱིབས་གཟུགས་རྒྱན་རིས་འདྲེས་པའི་སྲོལ་རྒྱུན་གྱི་རི་མོ་ཇུས་འགོད་བྱས་ཏེ་འབྲོག་པ་ཚོར་ལྕི་བ་གང་བྱུང་དུ་མི་སྤུངས་བར་ཇུས་འགོད་རི་མོ་ལྟར་རིག་གནས་ཀྱི་གྱང་བརྩེག་རྒྱུར་ལྕག་སྐུལ་བྱས་ཤིང་། རྣམ་གྲངས་ནང་ཞུགས་མཁན་འབྲོག་པས་ལྕི་བའི་གྱང་རེ་བརྩེགས་པར་ཡོང་འབབ་ངེས་ཅན་རག་གི་ཡོད།
ད་ཆ། གཅིག་སྒྲིལ་རྩྭ་ཐང་སྟེང་གྲལ་སྟར་བསྒྲིགས་ཤིང་རི་མོ་འདྲ་མིན་སྣ་ཚོགས་བྲིས་པའི་ལྕི་བའི་གྱང་དག་ནི་དགུན་སྒྲོལ་གྱི་འབུད་ཤིང་ཡིན་ལ། རྩྭ་ཐང་གི་སྒྱུ་རྩལ་གསོན་པོ་ཞིག་དང་སྐྱེ་ཁམས་ཤེས་དཔལ་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་ལག་ལེན་དེ་བས་ཀྱང་ཡིན།
2023ལོ་ནས་བཟུང་། རྩྭ་ཐང་གི་ཁྱད་ཆོས་ལྡན་པའི་རིག་གནས་བསམ་བཀོད་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་གང་སར་ཁྱབ་ཅིང་། ངག་དབང་རབ་རྒྱས་ཀྱི་ཁ་པར་ནང་མངོན་པའི་ཐག་རིང་ཤོས་ཀྱི་མངགས་ཐོ་ནི་ཀོང་ཀྲོའུ་དང་ཧྲང་ཧའེ་ནས་ཡིན་པ་དང་། ཉོ་མཁན་གྱི་ཁྲོད་སྒྱུ་རྩལ་པ་དང་ཇུས་འགོད་པ་ཡོད་ལ། ཡུལ་གཞན་དུ་ལས་ཀ་བྱེད་མཁན་གྱི་བོད་རིགས་སྤུན་ཟླ་ཡང་ཡོད། ཧྲེན་ཀྲེན་དུ་ལས་ཀ་བྱེད་མཁན་བོད་རིགས་བུ་མོ་ཞིག་གིས་ཁོང་གི་བརྙན་སྟེགས་ཨང་རྟགས་འོག་ཏུ་ལན་བཞག་པ་སྟེ། “ལྕི་བ་འབར་ནས། དུ་བ་ལང་ལོང་དུ་འཕྱུར་བ་མཐོང་རིམ་བཞིན་ཨ་མས་བུས་པའི་ལྕི་བའི་མེ་སྤོར་སའི་སྦྲ་གུར་དུ་སླེབས་པའི་སྣང་བ་ཞིག་ཡོང་གི་འདུག”ཅེས་བརྗོད་ཡོད།
འབྲེལ་ཡོད་གསར་འགྱུར།