མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་ལྔ་བརྡ་ཁྱབ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་འཆར་ཉེའི་མཚམས་སུ། སྒྲིག་ཁྲིམས་སྔར་བས་ནན་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་ཟམ་མི་ཆད་པར་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་ནན་པོ་དང་མཐའ་གཅིག་ཏུ་ནན་པོ་བྱེད་པ་བཅས་ཀྱི་བརྡ་རྟགས་ཤུགས་ཆེ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཉེ་དུས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་ལྔ་བརྡ་ཁྱབ་བཏང་བ་རེད།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཀྲང་ཅི་ཡོན་གྱིས་སྒྲིག་འགལ་ངང་གསོལ་སྟོན་དང་ལེན་དང་ལག་རྟགས་དང་འབུལ་རྟེན་བླངས་པ་སོགས་ཀྱི་གནད་དོན་ཡིན་ཞིང་། 2011ལོ་ནས་2024ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་སོགས་ཀྱི་དུས་ཆེན་གལ་ཆེན་སྐབས། ཀྲང་ཅི་ཡོན་གྱིས་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་ཧང་ཀྲོའུ་སོགས་སུ་བཀོད་སྒྲིག་བྱས་པའི་གསོལ་སྟོན་ཐེངས་མང་དང་ལེན་བྱས་པ་དང་། དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་སྤྲད་པའི་གནས་གོང་ཆེ་བའི་ཨ་རག་དཀར་པོ་དང་། ཇ་ལོ། འདྲེ་ཚེར་མ། མཚོ་ཟས་སོགས་ཀྱི་ལག་རྟགས་དང་དེ་བཞིན་འབུལ་རྟེན་ཐེངས་མང་བླངས་པ། གཉེན་ཉེ་ཁྲིད་ནས་ཧོ་ནན་དང་ཀྲེ་ཅང་སོགས་སུ་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་ཡུལ་སྐོར་དང་ལེན་ཐེངས་མང་བྱས་ཡོད། དེས་མ་ཚད། ཀྲང་ཅི་ཡོན་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གཞན་དག་ཡོད་པས། 2025ལོའི་ཟླ་8པར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ་དང་། གཏན་འབེབས་ལྟར་ཁོ་པའི་ཐོབ་ཐང་མེད་པར་བཟོས་པ། དེའི་ཉེས་གསོག་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་སུ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་རྒྱག་པར་བསྐྱལ་བ་རེད།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་གི་དེ་སྔའི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ཤེས་རབ་རྒྱ་མཚོས་སྒྲིག་འགལ་ངང་གསོལ་སྟོན་དང་ལེན་དང་ལག་རྟགས་དང་དབུལ་རྟེན་བླངས་པའི་གནད་དོན་ཡིན་ཞིང་། 2021ལོ་ནས་2024ལོའི་བར་དང་ལྷག་པར་དུ་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་སོགས་ཀྱི་དུས་ཆེན་གལ་ཆེན་སྐབས། ཤེས་རབ་རྒྱ་མཚོས་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་ཟི་ལིང་སོགས་སུ་བཀོད་སྒྲིག་བྱས་པའི་གསོལ་སྟོན་ཐེངས་མང་དང་ལེན་བྱས་པ་དང་། དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་སྤྲད་པའི་གནས་གོང་ཆེ་བའི་ཨ་རག་དཀར་པོ་དང་དབྱར་རྩྭ་དགུན་འབུ་སོགས་ཀྱི་ལག་རྟགས་དང་འབུལ་རྟེན་ཐེངས་མང་བླངས་ཡོད། ཤེས་རབ་རྒྱ་མཚོར་ད་དུང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་གཞན་དག་ཡོད་པས། 2025ལོའི་ཟླ་8པར་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད། དེའི་ཉེས་གསོག་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་སུ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་རྒྱག་པར་བསྐྱལ་བ་རེད།
མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་དེ་སྔའི་པུའུ་ཀྲང་གཞོན་པ་དང་རྫོང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཆའོ་གོ་ལིན་གྱིས་གཞུང་དངུལ་བཏང་ནས་ཡུལ་སྐོར་སྒྲིག་འཛུགས་བྱས་པའི་གནད་དོན་ཡིན་ཞིང་། 2024ལོའི་ཟླ་5པར། ཆའོ་གོ་ལིན་དང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་ཝང་ཀྲེན་གོ་ཡིས་ཧྥུའུ་ཅན་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པའི་གོ་སྐབས་དང་བསྟུན་ནས་དམངས་གཉེར་ཁེ་ལས་ཀྱི་སྦྱིན་བདག་11སྒྲིག་འཛུགས་བྱས་ཏེ་ཝུའུ་དབྱི་ཧྲན་རི་བོ་དང་། ཡུང་ཏིང་ཐོག་ཁང་། ཀུའུ་ལང་ཡུས་སོགས་མཛེས་ལྗོངས་ཁུལ་དུ་གཞུང་དངུལ་བཏང་ནས་ཡུལ་སྐོར་བྱས་པ་དང་། སློབ་སྦྱོང་དང་རྟོག་ཞིབ་ཀྱི་འགྲོ་གྲོན་སྒོར་ཁྲི་7.8རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནས་བཏང་ཡོད། 2025ལོའི་ཟླ་8པར། ཆའོ་གོ་ལིན་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་སྲིད་དོན་ལས་གནས་ཕྱིར་འཐེན་གྱི་ཆད་པ་ཕོག་པ་དང་། ཝང་ཀྲེན་གོ་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་དོན་ཐད་སྐྱོན་ཆེན་ཐོ་འགོད་ཀྱི་ཆད་པ་ཕོག་པ་དང་སྒྲིག་འགལ་གྱི་དངུལ་གཞུང་བཞེས་བཏང་ཡོད།
དེ་མིན་གྱི་དཔེ་མཚོན་གྱོད་དཔེ་གཞན་དག་གཉིས་ནི། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་ཞིང་ཚོང་དངུལ་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཧན་གོ་ཀྲི་ཡིས་གཞུང་འཁོར་སྒེར་སྤྱོད་བྱས་པའི་གནད་དོན་དང་། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོ་ཤང་གཉན་རྭ་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་ནས་སྣུམ་སྣོན་གཱ་ཉོས་པའི་གནད་དོན་རེད།
འབྲེལ་ཡོད་གསར་འགྱུར།