ལོ་ངོ་དྲུག་ཅུའི་འཕོ་འགྱུར་ལས། བདེ་སྐྱིད་གཏམ་བཟང་རྫོགས་མཐའ་མེད།
བསོད་ནམས་དབང་འདུས་ཀྱི་ཞིག་རལ་དུ་གྱུར་པའི་སྡོད་ཁང་རྙིང་པ་ཡིན་པ།
བསོད་ནམས་དབང་འདུས་ཀྱི་སྡོད་ཁང་གསར་པ་ཡིན་པ།(པར་རིས་ནི་བཅར་འདྲི་དང་ལེན་ཞུ་མཁན་གྱིས་མཁོ་འདོན་བྱས)
ཟླ་བ་དགུ་པའི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་བཀྲ་ཤིས་གླིང་གྲོང་ཚོར་གནམ་དྭངས་ཤིང་མཁའ་རླུང་གཙང་། ལོ་66ལ་སླེབས་པའི་དེ་སྔའི་ཚུན་ཀྲང་བསོད་ནམས་དབང་འདུས་ཡང་ཚར་མགོ་བསྐོར་ནས་བསྡད་ཡོད་པ་དང་སྒོ་ར་ཆུང་ཆུང་ནང་དགོད་སྒྲས་ཁེངས། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལོ་37བྱས་པའི་ཁོང་ནི་གྲོང་ཚོ་ཧྲིལ་པོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་དཔང་པོ་རེད།
“སྔོན་ཆད་ངའི་ཁྱིམ་ནི་ཁྲལ་པ་ཡིན་པས་ཕ་མེས་ཡང་མེས་ཚང་མས་མངའ་བདག་ལ་གཡོག་པོ་རྒྱུག་དགོས”“སྐབས་དེར་ནས་མང་ཆེ་བ་མངའ་བདག་ལ་སྤྲོད་དགོས་པས་ལྷག་མ་ཉུང་ཤས་དེས་འདང་གི་མི་འདུག དགུན་ཁར་རྩྭ་རམ་པ་བཀོག་ནས་རྩམ་པ་དང་མཉམ་དུ་ཟ་གི་ཡོད། དེར་བརྟེན་ལྟོས་གྲོད་པ་རྒྱགས་པ་ནི་ང་ཚོའི་རེ་འདུན་ཆེ་ཤོས་དེ་ཡིན” ཁོང་གིས་འཁྱགས་སྒམ་ནང་བྱུར་བུར་བླུགས་པའི་ཚགས་ཤ་དང་། ལུག་ཤ ནས་ཆང་། ཞོ། ཤིང་ཏོག་སོགས་བསྟན་ནས་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན“ད་ཆ་ལྟོ་གོས་ལ་སེམས་ཁྲལ་ཅི་ཡང་མི་འདུག ག་རེ་ཟ་འདོད་ན་དེ་ཟ་ཆོག འཚོ་བ་དངོས་འབྲེལ་སྐྱིད་པོ་འདུག”ཅེས་བསོད་ནམས་དབང་འདུས་ཀྱིས་བཤད།
རྒྱ་ཆེ་ཞིང་དཀར་ཆ་དོད་པའི་བོད་བཟོའི་སྡོད་ཁང་གསར་པར་ལྟ་བཞིན་བསོད་ནམས་དབང་འདུས་ལ་ཚོར་སྣང་མང་པོ་སྐྱེས། ཆུང་དུས་ནང་མི་ཚང་མ་དཀར་ཆ་མེད་པའི་ས་ཕག་ཁང་པ་དམའ་པོའི་ནང་འཚང་ཁ་བརྒྱབ་ནས་སྡོད་པ་ཁོང་གིས་གསལ་པོར་དྲན་གྱི་ཡོད། “ཕྱོཌ་བཞིའི་རྩིག་པས་ལྷགས་པ་ཡང་འགོག་མི་ཐུབ་པས་དགུན་ཁར་ཧ་ཅང་གྲང་མོ་ཡོད་ཅིང་། དབྱར་ཁར་ཆར་པ་འབབ་སྐབས་རྟག་ཏུ་ཐིགས་པ་རྒྱག་གི་ཡོད། ཁང་པའི་ནང་ཆ་སྒམ་འགའ་ལས་ཅི་ཡང་མེད” “ད་ཆ་གྲོང་ཚོའི་དུད་ཚང་ཚང་མས་སྡོད་ཁང་གསར་པ་བརྒྱབ་ནས་ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང་བཅས་དང་དེ་བཞིན་ཁྱིམ་ཆས་དང་གློག་ཆས་སོགས་གང་དགོས་འཛོམས་པ་མ་ཟད། ད་དུང་ཤེལ་ཁང་ནང་དགུན་ཁར་དྲོ་ཞིང་དབྱར་ཁར་བསིལ་པོ་ཡོད་པས་ཧ་ཅང་སྐྱིད་པོ་ཡོད་རེད”ཅེས་ཁོང་གིས་བཤད།
ཐོན་སྐྱེད་འཚོ་བའི་སྐོར་གླེང་སྐབས། ཁོང་གི་མིག་ལ་མཆི་ཞག་འཁོར་བཞིན“སྔོན་ཆད་ཕྱུ་པ་གཅིག་ལྷན་པ་མང་པོ་བརྒྱབ་ནས་མི་ཚེ་གང་པོར་གྱོན་དགོས་ཀྱི་ཡོད། གྲོང་རྡལ་དུ་འགྲོ་བའི་ལམ་བུ་ནི་ཀྱག་ཀྱོག་འདམ་རྫབ་ཀྱིས་ཁེངས་པའི་ལམ་ཆུང་ཡིན་པ་མ་ཟད་རྐང་ཐང་མར་འགྲོ་དགོས། ཞིང་ཁ་འདེབས་པར་མི་དང་གཡག་ལ་བརྟེན་དགོས་ཤིང་། གང་ཞིག་སྐྱེལ་འདྲེན་བྱེད་དགོས་ཚེ་ཕྲག་པར་ཁུར་ནས་སྐྱེལ་དགོས”ཞེས་བཤད། ཁོང་གིས། ད་ཆ་བདེ་ཞིང་ཁོད་སྙོམས་པའི་གཞུང་ལམ་རང་རང་སོ་སོའི་སྒོ་རྩ་བར་བཟོས་ཡོད་པ་མ་ཟད། རླངས་འཁོར་དང་ཞིང་འཕྲུལ་ཆུང་གྲས་སྣ་ཚོགས་ཀྱང་ཡོད། གྲོང་ཚོའི་མཉམ་ལས་ཁང་ལ་ད་དུང་བརྔ་འཕྲུལ་དང་སོན་འཕྲུལ་ཆེ་གྲས་57ཡོད་ཅེས་བཤད།
བསོད་ནམས་དབང་འདུས་བློ་བདེ་ཤོས་ནི་གྲོང་ཚོར་འཕྲོད་བསྟེན་ཁང་བཙུགས་པ་དེ་རེད། “སྔོན་ཆད་སྨན་རིན་སྤྲོད་རྒྱུ་མེད་པས་ན་ཚ་བྱུང་ཚེ་རིམ་འགྲོ་བྱེད་པ་ལས་ཐབས་མེད། ད་ཆ། གྲོང་ཚོར་འཕྲོད་བསྟེན་ཁང་བཙུགས་པས་སྨན་པ་དུས་བཀག་ལྟར་སྨན་བཅོས་བྱེད་པར་ཡོང་གི་འདུག ཆམ་པ་བརྒྱབ་ཚེ་གྲོང་ཚོ་ནས་སྨན་བཅོས་བྱེད་ཐུབ་ཀྱི་འདུག ང་ཚོ་ཚང་མར་སྨན་བཅོས་འགན་བཅོལ་ཡོད་པས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་ཚེ་སྨན་རིན་80%ཡན་རྩིས་ཞུ་བྱེད་ཐུབ”ཅེས་དགའ་སྤྲོ་ཆེན་པོས་བཤད།
དེ་བས་ཀྱང་དགའ་འོས་པ་ཞིག་ནི། གྲོང་ཚོར་བུ་བཅོལ་ཁང་བཙུགས་ཏེ་ཕྲུ་གུ་ཚོ་སྒོ་རྩ་ནས་རིན་པ་མི་དགོས་པར་སློབ་གྲྭར་འགྲོ་ཐུབ་པ་དེ་རེད། “ད་ཆ། ངའི་ཚ་བོ་གཉིས་སློབ་ཆེན་ཐོན་ནས་ལས་ཀར་ཡོད། ཡང་ཚའང་བུ་བཅོལ་ཁང་དུ་འགྲོ་བཞིན་ཡོད” སློབ་གསོར་བརྟེན་ནས་ཁྱིམ་ཚང་ལ་འབྱུང་འགྱུར་བཏོད་ཅིང་། འབབ་འཕར་བྱུང་བས་འཚོ་བ་སྔར་བས་ལེགས་སུ་ཕྱིན། “ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས། ངའི་ཁྱིམ་གྱིས་སྔོ་ཚལ་དྲོད་ཁང་གཉེར་འགོ་ཚུགས་ཡོད” “ནས་དང་། སྔོ་ཚལ། ཤིང་འབྲས་སོགས་འདེབས་པ་དང་། ས་ཞིང་བོགས་མར་གཏོང་བ། ནོར་ལུག་གསོ་བ། སྐྱེལ་འདྲེན་བྱེད་པ་སོགས་ཐབས་ལམ་མང་པོ་ཡོད་པས་ཡོང་འབབ་ཀྱང་མང་དུ་ཕྱིན་སོང”ཞེས་བསོད་ནམས་དབང་འདུས་ཀྱིས་ཁྱིམ་གྱི་སྒོ་རྩར་ལངས་ཏེ་རྒྱང་རིང་གི་ནས་ཞིང་ལ་ལྟ་བཞིན་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་བཤད།
འབྲེལ་ཡོད་གསར་འགྱུར།