འཕྲོ་བརླག་ལ་ངོ་རྒོལ་དང་འཛད་སྤྱོད་ལ་སྐུལ་སྤེལ་བྱེད་པར་ངོས་འཛིན་ཡང་དག་ཇི་ལྟར་བྱེད་དགོས།
དཔེར་ན་གསོལ་སྟོན་རྒྱས་གཤོམ་བྱས་མཐར་བཟའ་འཕྲོ་འཐུང་འཕྲོ་འབོར་ཆེན་ལྷག་ནས་འཕྲོ་བརླག་ཕྱིན་པ་དང་། དངོས་ཟོག་མང་པོ་གང་འདོད་དུ་ཉོས་མཐར་བེད་མེད་དུ་ལུས་པ་སོགས་ཀྱི་བྱེད་སྤྱོད་འདི་དག་གིས་ཐོན་ཁུངས་ཟད་གྲོན་བཏང་བ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་འཛད་སྤྱོད་ལ་སྐུལ་སྤེལ་བྱེད་པའི་ཐོག་མའི་བསམ་འདུན་དང་ཡང་རྒྱབ་འགལ་དུ་གྱུར་གྱི་ཡོད།
དེས་ན། འཛད་སྤྱོད་སྐུལ་སྤེལ་ཞེས་པའི“འཛད་སྤྱོད”ལ་གོ་བ་ཇི་ལྟར་ལེན་དགོས་སམ་ཞེ་ན།
མི་སྒེར་གྱི་ངོས་ནས་བརྗོད་ན། འཛད་སྤྱོད་ཀྱིས་དངོས་པོ་དང་བསམ་པའི་དགོས་མཁོ་ནུས་ལྡན་སྐོང་ཐུབ། ལག་ཐོགས་ཁ་པར་གསར་པ་ཞིག་བརྗེས་ན་འབྲེལ་བ་བྱེད་བདེ་རུ་དང་འཚོ་བའི་སྤུས་ཚད་ལེགས་སུ་འགྲོ་ཐུབ་ལ། ཡུལ་སྐོར་དུ་ཐེངས་གཅིག་ཕྱིན་ན་ལུས་སེམས་གཉིས་ཀ་བདེ་རུ་འགྲོ་བ་མ་ཟད་ད་དུང་མཐོང་རྒྱ་ཡང་ཆེ་རུ་འགྲོ་ཐུབ། དོན་དངོས་ཀྱི་དགོས་མཁོར་གཞིགས་པའི་འཛད་སྤྱོད་ཀྱི་བྱ་སྤྱོད་འདི་དག་ལ“བྱེད་ནུས་རིན་ཐང”དང“སེམས་ཁམས་སྙོམས་པའི་རིན་ཐང”རྩ་ཆེན་ལྡན་པ་མ་ཟད། ད་དུང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འཛད་སྤྱོད་པའི་རེ་འདོད་ཀྱང་སྐོང་ཐུབ།
སྤྱི་ཡོངས་ལ་བལྟས་ན། འཛད་སྤྱོད་ནི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། གྲངས་གཞི་ལས་འདི་ལོའི་ལོ་སྟོད་དུ། མཐའ་མའི་འཛད་སྤྱོད་གཏོང་སྒོས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་བར་ལེགས་སྐྱེས་ཕུལ་ཚད་52%ཟིན་པ་དེ་ན་ནིང་གི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་7.5འཕར་ནས། འཛད་སྤྱོད་ཀྱི“གྲུ་རྡོའི”ནུས་པ་སྔར་བས་བརྟན་པོ་བྱུང་ཡོད་པ་དང་། ལྷག་པར་དུ་མིག་སྔར་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བས། ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་ལ་བརྟེན་ནས་དཔལ་འབྱོར་འཕར་བར་སྐུལ་འདེད་བཏང་ཚེ། ནང་ཁུལ་གྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་ངེས་མེད་རང་བཞིན་ལ་ཁ་གཏད་གཅོག་པར་ཕན་ཐོགས་ཡོད། ཕྱོགས་འདི་ནས་བལྟས་ན། འཛད་སྤྱོད་ལ་སྐུལ་སྤེལ་གཏོང་དགོས་ལ་གཏོང་དགོས་ངེས་ཀྱང་རེད།
ང་ཚོས་སྐུལ་འདེད་གཏོང་དགོས་པ་ནི་རྨོངས་ཚོད་ཀྱིས་གྲངས་འབོར་བརྩོན་ལེན་བྱེད་པའི་ཚུལ་མིན་གྱི་འཛད་སྤྱོད་མིན་པར་བདེ་ཐང་དང་། རྒྱུན་མཐུད་ཆོག་པ། གསོན་ཤུགས་ལྡན་པ་བཅས་ཀྱི་འཛད་སྤྱོད་ཡིན། འཛད་སྤྱོད་འདིའི་རིགས་ཀྱིས་སྤུས་ཀ་དང་རིན་ཐང་ལ་དོ་སྣང་བྱས་ནས་འཕྲོ་བརླག་མི་འགྲོ་བ་བྱེད་ཀྱི་ཡོད།
དྲ་རྒྱའི་ཐོག་འཕྲོ་བརླག་ལ་ངོ་རྒོལ་བྱས་ཚེ་འཛད་སྤྱོད་ལ་ཚོད་འཛིན་ཐེབས་མི་ཡོང་ངམ་ཞེས་བཤད་མཁན་ཡང་ཡོད་མོད། ཡིན་ན་ཡང་དོན་ངོ་མ་དེ་ལྟར་ཡིན་ནམ་ཞེ་ན།
མ་ཡིན་ཏེ། འཕྲོ་བརླག་ལ་ངོ་རྒོལ་བྱེད་པ་ནི“འཛད་སྤྱོད་མི་བྱེད་པ”དང“འཛད་སྤྱོད་ཉུང་ཉུང་བྱེད་པ”མ་ཡིན་པར། གཏོང་སྒོ་ཚང་མ་དེ་བས་ལུགས་མཐུན་དང་དེ་བས་དོན་སྙིང་ལྡན་པར་བྱེད་དགོས་པའི་དོན་ཡིན་ནོ།
“ཚལ་སྡེར་ཆུང”དང“གང་མཁོ་དེ་བཟོ”བྱས་ནས་བཟའ་བཏུང་སྔར་བས་ཞིབ་ཚགས་དང་སྔར་བས་བདེ་ཐང་ཡོང་བར་བྱེད་པ་ནས“སྤྱི་སྤྱོད་རྐང་འཁོར”དང“མཉམ་སྤྱོད་གཞུང་ལས”ཀྱིས་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཧ་ཅང་ཆེ་རུ་གཏོང་བའི་བར་དང་། བེད་མེད་དངོས་ཟོག་ཉོ་ཚོང་བྱས་ནས་དངོས་ཟོག་རྒྱུན་འཁོར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་ནས་ནུས་གསར་རླངས་འཁོར་དང་ནུས་བསྲི་ཁྱིམ་སྤྱོད་གློག་ཆས་དུད་ཚང་མང་པོར་ཁྱབ་གདལ་ཕྱིན་པའི་བར་སོགས་ཉེ་འགྲམ་གྱི་འགྱུར་ལྡོག་མང་པོ་ལས་འཕྲོ་བརླག་ལ་ངོ་རྒོལ་བྱས་ཚེ་འཛད་སྤྱོད་ལ་ཚོད་འཛིན་ཐེབས་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ་འཛད་སྤྱོད་ཀྱི་འདུ་ཤེས་དང་འཛད་སྤྱོད་ཀྱི་གྲུབ་ཆ་རིམ་སྤོར་ལ་ངང་ངམ་ཤུགས་ཀྱིས་སྐུལ་ཁྲིད་ཐུབ་ནས། འཚོ་བའི་ཕྱོགས་གང་སར་ཤུགས་རྐྱེན་གཏིང་ཟབ་ཐེབས་བཞིན་ཡོད་པ་གསལ་པོར་ཤེས་ཐུབ། ལྗང་མདོག་དང་ཐཱན་ཉུང་དོན་གཉེར་བྱེད་པ་དེ་རིམ་བཞིན་དར་སྲོལ་གསར་པར་གྱུར་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།
ལུགས་མཐུན་དང་རྒྱུན་མཐུད་ཆོག་པའི་འདུ་ཤེས་འདི་འདྲ་བ་ནི་རང་རེའི་ཏང་གི་དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་བསྲི་ཚགས་ཀྱི་སྲོལ་རྒྱུན་བཟང་པོ་དང་གཅིག་རྒྱུན་གཅིག་འཛིན་ཡིན། གསར་བརྗེའི་དམག་འཁྲུག་སྐབས་སུ། རང་རེའི་ཏང་གིས“དམག་འཁྲུག་དང་གསར་བརྗེའི་བྱ་གཞག་ཆེད་དོང་ཙེ་རེ་རེ་གྲོན་ཆུང་བྱེད་དགོས”ཞེས་འབོད་སྐུལ་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོན་ཆུང་ནན་ཏན་སྒོས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་སྟེ“བྱ་གཞག་ཡོད་ཚད་ཧུར་བརྩོན་བསྲི་ཚགས་ཀྱིས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱས་གཤོམ་རྒྱས་སྤྲོས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས”ཞེས་བསྟན་གནང་བ་རེད།
གསར་དུ་བཟོ་བཅོས་བརྒྱབ་པའི《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་ཏན་སྒོས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》ལག་བསྟར་བྱས་ཚུན་དུ། ལམ་ལུགས་ཀྱི་རིམ་ངོས་ནས་ཏང་སྲིད་ལས་ཁུངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་ཟ་མཁས་འཐུང་མཁས་ཀྱི་གཅུས་གཟེར་དམ་དུ་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་ཀྱི་ཆུ་རགས་བརྟན་དུ་བཏང་བ་མ་ཟད། ད་དུང་སྤྱི་ཚོགས་ཡོངས་ལ་ངོས་འཛིན་གཅིག་མཐུན་བྱས་ནས་འཕྲོ་བརླག་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་རྣམ་པ་ཟབ་མོ་ཆགས་པར་བྱ་རྒྱུའི་ཁྲིད་སྟོན་ཡང་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།