ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་དེ་བས་ཡག་པོ་བྱེད་དགོས།
“དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱིས་མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཁྲིད་སྟོན་བྱས་ཏེ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད” རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན》ཁྱབ་བསྒྲགས་བྱས་ནས། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱི་གྲུབ་ཚུལ་དང་འཕེལ་རྒྱས་དང་། ལྟེ་བའི་དོན་སྙིང་། རྩ་དོན་བླང་བྱ་བཅས་གོ་རིམ་ལྡན་པའི་ངང་གསེད་བཀྲོལ་དང་ཕྱིར་དྲན་བྱས་པ་དང་། ཞིབ་ཅིང་ཁུངས་བཙན་པའི་གྲངས་གཞི་དང་དོན་དངོས་འབོར་ཆེན་གྱི་ཐོག་ནས་དུས་རབས་གསར་པའི་ཤིན་ཅང་གི་སྒྱུར་འཕེལ་བརྟན་གསུམ་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ“མཐའ་མཚམས་ས་ཁུལ་དུ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཤིན་ཅང་གི་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱེད་པའི་ཡང་དག་པའི་འགྲོ་ལམ་ཞིག་རྙེད་ཡོད”ཅེས་ནན་བཤད་བྱས་ཡོད།
རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཤིན་ཅང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ཤིན་སྐྱོང་གི་ལོ་རྒྱུས་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱེད་པ་དང་། ཤིན་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་བཏང་ནས། ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་ཆགས་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཤིན་ཅང་གི་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་བཀོད་སྒྲིག་གནང་སྟེ། ཤིན་སྐྱོང་གི་ཆོས་ཉིད་ལ་ངོས་འཛིན་དང་ཁོང་དུ་ཆུད་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས། ཤིན་ཅང་གི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བ་དེར་ཏང་གི་ཤིན་ཅང་ལས་དོན་གྱི་ལོ་རྒྱུས་དང་ཤིན་ཅང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད།
འདི་ནི་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་དགོས་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་ཞིག་ཡིན་ཞིང་། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་306.49ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་35ཚང་མ་དབུལ་ཞྭ་ཕུད་པས། ལོ་ངོ་སྟོང་ཕྲག་ཁ་ཤས་རིང་ཤིན་ཅང་ལ་འཕྲད་པའི་དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་ཡོད། དམངས་འཚོ་ལེགས་སུ་གཏོང་བ་དང་། ས་གནས་ལ་ཕན་བདེ་སྐྲུན་པ། མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་འཕེལ་རྒྱས་དོན་འཁྱོལ་བྱས་པས། ཤིན་ཅང་གི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་1949ལོའི་ལོ་30ནས་2024ལོའི་ལོ་77བར་རིང་དུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད།
བརྟན་ཐོག་ཡར་འཕེལ་དང་གསར་པ་དང་ལེགས་པའི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོས་ཤིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2012ལོའི་སྒོར་དུང་ཕྱུར་7499.47ནས་2024ལོའི་སྒོར་དུང་ཕྱུར་20534.08བར་འཕར་ནས་སྒོར་དུང་ཕྱུར་ཁྲི་2ཀྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད། “ཤིན་གློག་ཕྱིར་གཏོང”བྱས་པ་ལས་ཡོང་འབབ་མང་དུ་ཕྱིན་པ་དང་། “ཤིན་ཅང་གི་རྩིས་ནུས་ཁྲུང་ཆིང་དུ་འདྲེན་པ”ལས་གསར་གཏོད་ཀྱི་མཐོ་ས་བསྐྲུན་པ། “ལྗང་མདོག་སྲུང་བཅད”ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་བྱས་རྗེས་ངོ་མཚར་ཅན་གསར་པ་བཏོད་པ། “ངར་ལྕགས་རྔ་མོང་རུ་ཁག”གིས་དར་གོས་ལམ་བུའི་ངོ་མཚར་གསར་པ་མུ་མཐུད་བརྩམས་པ་སོགས། ད་ཆའི་ཤིན་ཅང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་མཉམ་དུ་སྐུལ་འདེད་གཏོང་བཞིན་མཆིས།
འདི་ནི“སེ་འབྲུའི་རྡོག་པོ་གཅིག་ཏུ་སྒྲིལ་བ་ལྟར་གྱི”མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་ཞིང་། འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་ཁྲིམས་སྐྱོང་ཅན་དང་རྒྱུན་གཏན་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤྱི་ཚོགས་སྤྱི་ཡོངས་ཟང་ཟིང་ནས་བརྟན་ལྷིང་དང་བརྟན་ལྷིང་ནས་བཅོས་སྐྱོང་བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་རོལ་བཅས་ལ་སྐུལ་འདེད་བཏང་སྟེ“རྟ་ཐོག་བར་འདུམ་ཁང”དང“ཇ་འཐུང་བར་འདུམ་ཁང”སོགས་འགལ་ཟླ་དང་རྩོད་གཞི་སེལ་བའི་འཐབ་ས་ཁག་གཅིག་བཏོད་ནས་གནད་དོན་གཞི་རིམ་དུ་ཐག་གཅོད་དང་ཐོན་མ་ཐག་ཐག་གཅོད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་བརྟན་པོ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།
སྣེ་མང་རྙོག་འཛིང་ཁྲོད་གཞུང་འཁྱོངས་གསར་འབྱེད་དང་འགལ་ཟླ་དང་ཉེན་ཁའི་ཁྲོད་རྒྱལ་ཁའི་ངང་མདུན་སྐྱོད་བྱས་ཤིང་། དུས་རབས་གསར་པའི་ཤིན་ཅང་གི་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་རླབས་པོ་ཆེ་ནི་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་ལ་བརྟེན་ནས་ཐོབ་པ་ཞིག་ཡིན་པ་དང་། དེ་ཐོག་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་མངོན་ཡོད། ད་ཆའི་ཤིན་ཅང་འདི་ཉིད་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཤིང་། ཐེན་ཧྲན་རི་བོའི་ལྷོ་རྒྱུད་དང་བྱང་རྒྱུད་བརྟན་ལྷིང་འཆམ་མཐུན་དང་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་མངོན་བཞིན་མཆིས། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ་དང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཤིན་ཅང་ལས་དོན་སྐོར་གྱི་གཅིག་སྡུད་མཚོན་ཚུལ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཤིན་སྐྱོང་ཤིན་བརྟན་ཤིན་དར་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བཅུད་ལེན་དང་གསར་གཏོད་འཕེལ་རྒྱས་བཏང་བ་ཞིག ཤིན་ཅང་ལས་དོན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཁྲིད་སྟོན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཞིག དུས་རབས་གསར་པའི་ཤིན་ཅང་ལས་དོན་ཡག་པོ་སྒྲུབ་པའི་རྩ་འཛིན་དང་བླ་སྲོག་ཅིག་བཅས་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཤིན་ཅང་གི་ལས་དོན་ལ་དམིགས་བསལ་དང་གལ་ཆེའི་གནས་བབ་ལྡན་ཡོད་པས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད”ཅེས་ནན་བཤད་གནང་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བར། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་ཀྱི་ཤིན་ཅང་གི་འཐབ་ཇུས་ངེས་གནས་སྟངས་འཛིན་ནན་པོ་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་ལས་ཀའི་སྤྱིའི་དམིགས་ཚད་དམ་པོར་འཛིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་བཅས་བྱས་ཏེ། ཁྲིམས་བཞིན་ཤིན་སྐྱོང་དང་། མཐུན་སྒྲིལ་ཤིན་བརྟན། རིག་དཔལ་ཤིན་སྐྱོང་། དམངས་ཕྱུག་ཤིན་དར། ཡུན་རིང་ཤིན་སྐྲུན་བཅས་ཀྱི་ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་སྒྲུབ་དགོས། ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཕུགས་ཕན་རང་བཞིན་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཕུགས་ཕན་གྱི་ཐབས་ཇུས་འགོད་པ་དང་། རྨང་གཞི་བརྟན་དུ་གཏོང་བའི་བྱ་སྤྱོད་སྤེལ་བ། ཡུན་རིང་བདེ་འཁོད་ཀྱི་འཕེལ་ཕྱོགས་གཏོད་པ། ཡུན་རིང་བཅོས་སྐྱོང་གི་བྱ་གཞག་སྒྲུབ་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད། མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། སྐྱེ་ཁམས་བཟང་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་དེ་བས་ཡག་པོ་བྱེད་དགོས།
ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་ཕྱོགས་འགོག་ཐབས་མེད། འདི་ལོ་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ཞིང་། ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་བློ་སྟོབས་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པས། བརྟན་ཐོག་ཡར་འཕེལ་དང་། ཡང་འབད་བསྐྱར་འབད། སྙིང་རུས་གཏན་འཁྱོངས་བཅས་བྱས་ཚེ། ཀྲུང་གོའི་ཤིན་ཅང་གི་འབྱུང་འགྱུར་དེ་བས་འོད་སྟོང་འཕྲོ་བ་ཞིག་ཡོང་ངེས་ཡིན།
འབྲེལ་ཡོད་གསར་འགྱུར།