དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་ཚོང་དོན་གྱི་གནད་དོན་འདྲ་མཉམ་ངང་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲུང་ཧྲེང་།   |     སྤེལ་དུས།  2025-09-23

    ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་14དང་15ཉིན་ཀྲུང་ཨ་ཕྱོགས་གཉིས་པོས་སི་ཕེན་གྱི་གྲོང་ཁྱེར་མ་ཏེ་རི་རུ་གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཞལ་པར་བསྐྱོན་རེས་གནང་རྗེས་བྱུང་བའི་ངོས་འཛིན་གཅིག་མཐུན་གལ་ཆེན་གྱིས་སྣེ་ཁྲིད་དེ། ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐད་ལྷག་བསམ་ཟོལ་མེད་དང་། གཏིང་ཟབ་པོ། དགེ་མཚན་ལྡན་པ་བཅས་ཀྱི་འབྲེལ་གཏུག་བྱས་ཏེ། མཉམ་ལས་ཀྱི་རྣམ་པའི་ཐོག་ནས་TikTokགནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུ་དང་། མ་འཇོག་གི་འགོག་རྐྱེན་ཆུང་དུ་གཏོང་རྒྱུ། འབྲེལ་ཡོད་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་སྤེལ་གཏོང་རྒྱུ་སོགས་ཀྱི་ཐད་གཞི་རྩའི་སྒྲོམ་གཞི་ལྟ་བུའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། དེ་ཐོག་ནས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྲོས་མོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ། ཀྲུང་ཨ་ཕྱོགས་གཉིས་པོས་གླེང་མོལ་ལ་བརྟེན་ནས་ངོས་འཛིན་གཅིག་མཐུན་ཡོང་ཤུགས་ཆེ་རུ་གཏོང་ཐུབ་པ་དང་བྱ་སྤྱོད་ལ་བརྟེན་ནས་གཉིས་ཁེ་ཡོང་བར་སྐུལ་སྤེལ་གཏོང་ཐུབ་པ་སླར་ཡང་མཚོན་གྱི་ཡོད།

    གཉིས་ཁེ་གཉིས་ཕན་ནི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་རེད་ལ། ཕྱོགས་གཉིས་ཀས་མུ་མཐུད་གླེང་མོལ་བྱེད་པའི་རྨང་གཞི་ཡང་རེད། རི་ནེ་ཝ་ནས་ལོན་ཏོན་བར་དང་སི་ཐོག་ཁོར་མོ་ནས་མ་ཏེ་རི་བར་དུ་ཀྲུང་གོ་དང་ཨ་རིས་འདྲ་མཉམ་ངང་གླེང་མོལ་བྱས་ཏེ། ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་དང་ཐུན་མོང་གི་ངོས་འཛིན་མང་དུ་བཏང་ནས་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་བར་ཆ་རྐྱེན་བསྐྲུན་ཡོད། ཐེངས་འདིའི་གྲོས་མོལ་རིང་ཕྱོགས་གཉིས་པོས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་པོ་དེ། རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ལ། འཛམ་གླིང་དཔལ་འབྱོར་གྱི་བརྟན་བརླིང་དང་འཕེལ་རྒྱས་ལའང་ཤུགས་རྐྱེན་ཆེན་པོ་ཡོད་པ་ཞིག་ཀྱང་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་ཡོད། འདི་ནི་ཕྱོགས་གཉིས་པོས་གླེང་མོལ་དང་གྲོས་མོལ་ཐེངས་མང་བྱས་རྗེས་བྱུང་བའི་ངོས་འཛིན་གཅིག་མཐུན་རེད་ལ། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་གཉིས་ཁེ་གཉིས་ཕན་གྱི་ངོ་བོ་དང་དེའི་གོ་ལ་ཧྲིལ་པོའི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་ཏུ་ཕྱིན་པའང་རེད། ངོས་འཛིན་གཅིག་མཐུན་འདིས་ཕྱོགས་གཉིས་པོས་གླེང་མོལ་དང་གྲོས་མོལ་སྔར་ལས་ལྷག་པ་བྱེད་པར་རྨང་གཞི་བཏིང་བ་དང་། ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པར་ཁ་ཕྱོགས་བསྟན་པ་མ་ཟད། ད་དུང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སེམས་ཤུགས་ཀྱང་བསྣན་ཡོད།

    TikTokགནད་དོན་ནི་ད་ཐེངས་གྲོས་མོལ་གྱི་ནང་དོན་གལ་ཆེན་ཞིག་རེད། མཉམ་ལས་ཀྱི་རྣམ་པའི་ཐོག་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུ་ནི་ད་ཐེངས་ཀྱི་གྲོས་མོལ་ལ་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རིམ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཚན་རྩལ་དང་དཔལ་འབྱོར་ཚོང་དོན་གྱི་གནད་དོན་དེ་ཆབ་སྲིད་ཅན་དང་། ལག་ཆ་ཅན། མཚོན་ཆ་ཅན་བཅས་སུ་སྒྱུར་བར་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་ཀྱི་ཡོད། རྩ་དོན་གྱི་ལངས་ཕྱོགས་དང་། ཁེ་ལས་ཀྱི་ཁེ་ཕན། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་བཅས་བློས་གཏོང་རྒྱུ་རིན་དོད་དུ་བྱས་ནས་གྲོས་མཐུན་ཡོང་ཐབས་གཏན་ནས་བྱེད་མི་སྲིད། ད་ཐེངས་ཀྱི་གྲོས་མོལ་ནང་ཀྲུང་ཨ་ཕྱོགས་གཉིས་པོས་ཁེ་ལས་ཀྱི་འདོད་འདུན་དང་ཁྲོམ་རའི་ཆོས་ཉིད་ལ་བརྩི་འཇོག་གང་ལེགས་བྱས་པའི་རྨང་གཞིའི་ཐོག TikTokཨ་རིའི་སྤྱོད་མཁན་གྱི་གྲངས་གཞི་དང་ནང་དོན་གྱི་བདེ་འཇགས་ལས་སྒོ་མངགས་བཅོལ་གཉེར་སྐྱོང་དང་རྩིས་རྒྱག་ཐབས་ཤེས་སོགས་ཤེས་རིག་བདག་དབང་བེད་སྤྱོད་ཀྱི་དབང་ཆ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། TikTokགནད་དོན་ཐག་གཅོད་བྱ་རྒྱུའི་ཐད་གཞི་རྩའི་ངོས་འཛིན་གཅིག་མཐུན་བྱུང་ཡོད། དེ་ཐོག་ནས་ཧམ་ཤེད་ཆེན་པོས་གནོན་ཤུགས་སྤྲོད་པ་ནི་གནད་དོན་ཐག་གཅོད་བྱེད་ལམ་ཞིག་མིན་པར། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྲོས་མོལ་ནི་གཉིས་ཁེའི་བློ་གྲོས་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད།

    ཀྲུང་གོ་ཕྱོགས་དང་ཨ་རི་ཕྱོགས་དབར་TikTokགནད་དོན་ཐད་འབྲེལ་ཡོད་ཀྱི་ངོས་འཛིན་གཅིག་མཐུན་བྱུང་དོན་ནི། ངོས་འཛིན་གཅིག་མཐུན་འདིས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་བས་རེད་ལ། ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་པས་རེད། དེའི་ཐོག་ནས་ཀྲུང་གོ་ཕྱོགས་ཀྱི་དགེ་མཚན་ལྡན་ལ་འགན་འཁུར་བའི་རྣམ་འགྱུར་མཚོན་གྱི་ཡོད། ཨ་རི་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་དབར་བྱུང་བའི་ངོས་འཛིན་གཅིག་མཐུན་ལྟར། TikTokཚུད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ཨ་རིར་མུ་མཐུད་གཉེར་སྐྱོང་བྱེད་པར་སྒོ་དབྱེ་དང་། དྲང་སྙོམས། དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་དགོས། ཕྱོགས་གཉིས་པོས་སྐྱོན་བྲལ་བརྟན་ལྷིང་གི་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་གལ་ཆེའི་རང་བཞིན་ཤེས་རྟོགས་སྔར་བས་གསལ་པོ་ཐུབ་སྟེ། གོམ་སྟབས་རྗེས་མར་མུ་མཐུད་འབྲེལ་གཏུག་དམ་ཟབ་དང་ཕྱོགས་གཅིག་ཏུ་བསྐྱོད་རྒྱུ་རེད།

    ཕྱོགས་འགལ་སེལ་བ་དང་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་ཡག་ཤོས་ནི་འདྲ་མཉམ་གླེང་མོལ་དང་གཉིས་ཁེ་མཉམ་ལས་བྱ་རྒྱུ་དེ་རེད། ཀྲུང་ཨ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཞལ་པར་བསྐྱོན་རེས་གནང་ནས་བྱུང་བའི་ངོས་འཛིན་གཅིག་མཐུན་གལ་ཆེན་དང་དུས་འགོའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་གྲུབ་འབྲས་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་གྱི་ནུས་པ་གང་ལེགས་འདོན་པ། ཟམ་མི་ཆད་པར་ངོས་འཛིན་གཅིག་མཐུན་ཟབ་ཏུ་གཏོང་བ་དང་། འགལ་བ་སེལ་བ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཉིས་ཁེ་གཉིས་ཕན་གྱི་གྲུབ་འབྲས་དེ་བས་མང་བ་བརྩོན་ལེན་བྱེད་པ། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྐྱོན་བྲལ་དང་། བརྟན་ལྷིང་། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་ལ་བརྟན་ལྷིང་རང་བཞིན་སྔར་བས་མང་པོ་སྣོན་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།