དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟླ་བ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-23

     ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས་ན། ཟླ་བ་དང་པོ་ནས་བརྒྱད་པའི་བར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་། བཟོ་ལས་ཐོན་སྐྱེད་ཅུང་འཕར་བ་དང་འཛད་སྤྱོད་ཁྲོམ་ར་མུ་མཐུད་བསྐྱར་འཕར་བྱུང་ཡོད།

    ད་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མགྱོགས་མྱུར་མཉམ་འདྲེས་བྱེད་པ། སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཧུར་ཐག་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། བཟོ་ལས་ཐོན་སྐྱེད་ཅུང་འཕར་མགྱོགས་པ་དང་། ཟླ་བ་དང་པོ་ནས་བརྒྱད་པའི་བར་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.2%འཕར་ཡོད།

    འཛད་སྤྱོད་ཁྲོམ་ར་མུ་མཐུད་བསྐྱར་འཕར་བྱུང་ཞིང་། ཟླ་བ་དང་པོ་ནས་བརྒྱད་པའི་བར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་683.39ཟིན་ནས་དུས་མཚུངས་ལས་5.1%འཕར་བ་དང་། འཕར་ཚད་ཟླ་བ་དང་པོ་ནས་བདུན་པའི་བར་ལས་བརྒྱ་ཆའི་གྲངས་0.2ཀྱིས་མཐོ་བ་ཡོད། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་ཕན་འབྲས་མུ་མཐུད་ཐོན་ཏེ། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས་དང་། འཕྲིན་གཏོང་ཡོ་བྱད་རིགས། རླངས་འཁོར་རིགས་ཀྱི་ཚོང་ཟོག་སིལ་ཚོང་དངུལ་འབོར་63.4%དང་། 7.5% 20.0%བཅས་སོ་སོར་འཕར་བ་དང་། ལྗང་མདོག་དང་རིག་ནུས་འཛད་སྤྱོད་ཀྱི་འཕར་ཚད་ཡག་པོ་བྱུང་ནས་བཏགས་ཆོག་པའི་རིག་ནུས་སྒྲིག་ཆས་དང་། རིག་ནུས་ཀྱི་ཁྱིམ་སྤྱོད་གློག་ཆས། སྒྲ་བརྙན་ཡོ་བྱད། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སིལ་ཚོང་དངུལ་འབོར་ལྡབ་1.3དང་། ལྡབ་1.0 95.4%བཅས་སོ་སོར་འཕར་བ། བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱིས་སྤྱི་པའི་དྲ་རྒྱ་བརྒྱུད་སིལ་ཚོང་དངུལ་འབོར་93.6%འཕར་བ་དང་བཅད་གྲངས་ཡན་གྱི་བཟའ་བཏུང་ལས་རིགས་ཀྱིས་སྤྱི་པའི་དྲ་རྒྱ་བརྒྱུད་ཟས་གྲོན་ཡོང་འབབ་64.6%འཕར་ཡོད། ཟླ་བ་བརྒྱད་པར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་106.14ཟིན་ནས་དུས་མཚུངས་ལས་6.1%འཕར་ཡོད།

    རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཚད་མགྱོགས་མྱུར་འཕར་ཞིང་། ཟླ་བ་དང་པོ་ནས་བརྒྱད་པའི་བར་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་8.3%ཆག་པ་དང་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་21.9%འཕར་ནས་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་བའི་བསྡུར་ཚད་ཀྱི་33.2%བཟུང་ཡོད། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་སྦྲག་སྲིད་ལས་རིགས་ལ་མ་དངུལ་གཏོང་ཚད་31.1%འཕར་བ་དང་། ཆ་འཕྲིན་བརྒྱུད་འདྲེན་ཞབས་ཞུའི་ལས་རིགས་ལ་མ་དངུལ་གཏོང་ཚད་ལྡབ་1.2འཕར་བ། སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ལས་རིགས་ལ་མ་དངུལ་གཏོང་ཚད་27.6%འཕར་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་གཏོང་ཚད་1.7%འཕར་ནས་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་བའི་བསྡུར་ཚད་ཀྱི་28.5%བཟུང་བ་དང་། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་མ་དངུལ་གཏོང་ཚད་29.6%འཕར་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།