དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྒོ་ཁར་ཞབས་འདེགས་ཞུས་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་བ།

    —— ཆབ་མདོ་གྲོང་ཁྱེར་གྱིས་བྱ་སྤྱོད་ངོ་མ་སྤེལ་ནས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-23

    “དེ་སྔོན་གཞི་ཁྱོན་མན་གྱི་ཁེ་ལས་གཞི་ཁྱོན་ཡན་ལ་རིམ་སྤོར་བྱེད་པའི་བསྡོམས་རྩིས་འགྲོ་ལུགས་རྙོག་དྲ་ཚ་པོ་ཡོད་པ་ཐོས་སྐབས་ང་ཚོར་སེམས་ཁྲལ་ཆེན་པོ་བྱུང་། བསམ་ཡུལ་ལས་འདས་པར་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་བློ་མཐུན་གྱིས་རང་འགུལ་ངང་སྒོ་ཁར་ཡོང་ནས་ང་ཚོར་ཡིག་ཆ་གང་དག་གྲ་སྒྲིག་བྱེད་དགོས་མིན་བརྗོད་པ་མ་ཟད། ཁྲལ་དོན་སྙན་ཞུའི་རེའུ་མིག་ཀྱང་ཞིབ་བསྡུར་བྱེད་རོགས་བྱས་བྱུང”ཞེས་བོད་ལྗོངས་ལྷ་ཡི་བདུད་རྩི་བོད་སྨན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་པིན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    དེ་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་ལ་བསྒྱུར་བའི་བསྡུས་རིས་ཤིག་རེད།

    “ངང་སྒུག”ནས“སྒོ་ཁར་ཞབས་འདེགས་ཞུ་བའི”བར་བསྒྱུར་ཏེ་སྲིད་ཇུས་ལག་བསྟར་གནད་སྨིན་བྱུང་བ།

    ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་དེ་སྔའི་ལས་ཀ་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་གཞུང་ལས་ཁང་དེ་ཁེ་ལས་ཀྱི་འཐབ་ས་མདུན་མར་སྤོས་ཤིང་། བསྡོམས་རྩིས་དང་ཚོང་འགུག་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་ལ་ཡོངས་བཤེར་བྱས་ཏེ། མི་མངོན་པའི་སྟོབས་ཤུཌ་ལྡན་པའི“བདམས་ཐོན་པ་ཧྲག་པོ”ལེགས་འདེམས་ཀྱིས་སྟབས་བསྟུན་གསོ་སྐྱོང་མཛོད་བཙུགས་ཡོད།

    མཛོད་ནང་གི་ཁེ་ལས་ལ་དམིགས་ནས“སྲིད་ཇུས་སྒོ་ཁར་སྐྱེལ་བ་དང་གནད་འཁེལ་ཟུར་ཁྲིད་ཟུང་འབྲེལ”གྱི་སྣ་འདུས་ཐབས་བཟང་སྤྱད་ཅིང་། ཁེ་ལས་ཀྱིས་ཕྱོགས་གང་སར་སྲིད་ཇུས་འདྲི་རྩད་བྱེད་མི་དགོས་པར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ལས་བྱེད་པས་འཁོར་ཁང་དུ་བསྐྱོད་དེ་སྲིད་ཇུས་དྲིལ་བསྒྲགས་བྱས་ཤིང་། ཁེ་ལས་སོ་སོའི་ལས་རིགས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་དུས་མཚམས་ལ་གཞིགས་ནས། ས་གནས་ས་ཐོག་ཏུ་དེ་ལ་དེ་འཚམ་གྱི་འཕེལ་རྒྱས་ཀྱི་ཐབས་ཇུས་འགོད་ཀྱི་ཡོད།

    ད་ལོའི་ལོ་སྟོད་དུ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་ཁེ་ལས་18གཙོ་གནད་དུ་བཟུང་སྟེ། ཁེ་ལས་1བདེ་བླག་ངང་གཞི་ཁྱོན་ཡན་གྱི་ཁེ་ལས་ལ་རིམ་སྤོར་བྱས་པ་དང་། ཁེ་ལས་4གཙོ་གནད་གསོ་སྐྱོང་གི་ཁོངས་སུ་བཅུག་ཅིང་། དེ་སྔོན་གཞི་ཁྱོན་ཡན་གྱི་ཁེ་ལས་མེད་པའི་རྫོང་ཁག་གཅིག་གིས་ཀྱང་མེད་པ་ནས་ཡོད་པའི་བར་གྱི་ཚད་བརྒལ་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

    ཁུར་པོ་ཡང་དུ་བཏང་བ་ལས་ཁེ་ལས་ཀྱི་གདེང་ཚོད་ཇེ་ཆེར་འཕེལ་བ།

    ཞབས་འདེགས་ཞུ་བ་ནི་མིང་ཙམ་མིན་པར་ཁེ་ལས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པར་བྱེད་དགོས། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ཕྱོགས་མང་མཉམ་སྒྲུབ་བྱས་ནས་སྲིད་ཇུས་ཀྱི་ཁེ་སྤོགས་མགྱོགས་མྱུར་ཐོབ་པར་བྱས་ཡོད།

    གཙོ་གནད་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད། དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ལས་བྱེད་པས་གོང་རིམ་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ། གཡུ་ལུང་གི་དུས་ཐེངས་གསུམ་པའི་རྣམ་གྲངས་དང་དཔའ་ཤོད་ཀྱི་དུང་དཀར་ཨར་འདམ་ཐོན་ནུས་བརྗེ་རེས་སོགས་རྣམ་གྲངས་ཀྱི་འགྲོ་ལུགས་གཉེར་རིམ་མགྱོགས་སུ་བཏང་ཡོད།

    སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། དྲ་ཐོག་ནས་སྐུལ་འདེད་གཏོང་བ་དང་། དྲ་ཕྱིར་འགྲེལ་བཤད་རྒྱག་པ། སྒོ་ཁར་སྒྲོག་འགྲེལ་བྱེད་པ་སོགས་འདུས་ཆེའི་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་ནས་སྲིད་ཇུས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”བསལ་ཡོད།

    གཞན་ཡང་། འགན་སྲུང་མ་དངུལ་དུས་ཐོག་ཏུ་ལག་འབྱོར་ཐུབ་པར་འགན་ལེན་བྱས་པ་དང་། ཁེ་ལས་ལ་ཕན་འདོགས་པའི་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དང་ལེན་བྱས་རྗེས། དུས་ཚིགས་དང་པོར་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་གློག་སྤྱོད་ཁ་གསབ་སྒོར་ཁྲི་351.45ཁེ་ལས་ལ་འཕྲལ་མར་སྤྲད་པ་དེ་ན་ནིང་གི་དུས་མཚུངས་ལས་422%འཕར་ཡོད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་རེ་ཞུ་བྱས་པའི་རྣམ་གྲངས་ཀྱང་60%འཕར་ཡོད།

    མིག་རྒྱང་རིང་དུ་བཏང་སྟེ“ཁེ་ལས་གསོ་སྐྱོང”ནས“ཐོན་ལས་དར་སྤེལ”བར་འཕེལ་རྒྱས་བཏང་བ།

    ཆབ་མདོའི་སྤོས་དང་ཞིང་འབྲོག་ཐོན་རྫས་ས་མཐོ་ནས་ཕྱི་ཕྱོགས་ལ་ཇི་ལྟར་འཚོང་དགོས་སམ། བོད་སྐྱོར་གྱི་སྟོབས་ཤུགས་ནི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཞིང་། ཆབ་མདོ་གྲོང་ཁྱེར་གྱིས་ཧྥུའུ་ཅན་ཚོང་ལས་སློབ་གླིང་དང་ཉི་འོད་སློབ་གླིང་དང་མཉམ་ལས་ཀྱིས་དངོས་ཟོག་ཐད་གཏོང་ཐེངས་14བྱས་པ་བརྒྱུད། ལྷོ་རོང་གི་རྩམ་པ་སོགས་ཁྱད་ལྡན་ཐོན་རྫས་བྲིན་ཁ་རྒྱུག་པོ་བྱུང་བ་དང་། ཧྥུའུ་ཅན་ཞིང་ཆེན་བཟོ་ལས་ཁེ་ལས་ཀྱི་མཁོ་སྤྲོད་སྦྲེལ་མཐུད་ལས་སྟེགས་ཀྱིས་ཆབ་མདོའི་ཐོན་རྫས་སྣ་ཚོགས་ལ་སྔར་ལས་རྒྱ་ཆེ་བའི་ཚོང་ལམ་བཤངས་ཤིང་། “ཕྱིར་བསྐྱོད་ནས”སློབ་སྦྱོང་དང་སྤེལ་རེས་བྱ་ཆེད། ཆབ་མདོའི་ཁེ་ལས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ངོ་སྤྲོད་ཚོགས་འདུ་དང་རྒྱལ་ཡོངས་ཁེ་ལས་འབྲིང་ཆུང་གི་འགྲེམས་ཚོགས་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་རེད། ཧྥུའུ་ཅན་ཞིང་ཆེན་གྱི་ཚན་རྩལ་ཆེད་མངགས་པ་འབྱོར་ནས་ཆབ་མདོའི་ཁེ་ལས་ལ་དྲ་ཐོག་ཚོང་དོན་གཉེར་སྐྱོང་དང་། ཐོན་རྫས་ཐུམ་སྒྲིལ། ཚོང་གཉེར་ཇུས་འགོད་བཅས་ཀྱི“དངོས་འཐབ་ཉམས་མྱོང”དེ་བས་མང་པོ་མཁོ་འདོན་བྱས་ཡོད།

    ད་ཆ་ཁེ་ལས་ལ་ཟབ་སྐྱོད་དང་། གནད་སྨིན་ཞབས་ཞུ། ཐོན་ལས་འཆར་འགོད་བཅས་བྱེད་པ་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ལས་ཀའི་རྒྱུན་རྣམ་གསར་པར་གྱུར་ཡོད། “ཁེ་ལས་ལ་ཞབས་འདེགས་ཞུ་བ་ནི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་ཡིན་པས། ང་ཚོས་སྲིད་ཇུས་ཚང་མ་དང་ཞབས་ཞུ་ཚང་མ་ཁེ་ལས་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་ལ་གསོན་ཤུགས་དེ་བས་ཆེ་བ་སྣོན་རྒྱུ་ཡིན”ཞེས་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཏ་ཀྲང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།