དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་ཡུལ་དངོས་སུ་ཉལ་ཁང་སྤོས་རྗེས།

    —— གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གི་འགན་གཙང་ལེན་མཁན་ལས་བྱེད་པས་གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་གཞི་ཚུགས་ནས་ལས་དོན་སྒྲུབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-23

    མཚན་མོའི་ཆུ་ཚོད་བཅུ་པ་ཙམ་ལ། སོ་ཕག་དབོར་མཁན་རླངས་འཁོར་གཉིས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གད་ཁ་གྲོང་རྡལ་བར་བ་ཡུག་ཁུལ་གྱི་གེགས་རྗེས་བསྐྱར་སྐྲུན་ལས་ཡུལ་དུ་འབྱོར་མ་ཐག་ལས་ཐག་བཅད་ནས་ལོག་ཡོང་བའི་མཐོང་སྨོན་གྲོང་ཚོའི་ཡུལ་མི་ཚེ་རིང་དོན་གྲུབ་སོགས་དང་འཕྲད།

    “སོ་ཕག་དེའི་སྤུས་ཚད་ཡག་པོ་ཡོད་ས་མ་རེད” “སྤུས་ཚད་ལོན་མི་འདུག འགོ་ཁྲིད་ལ་སྙན་སེང་ཞུ་དགོས”

    ཁོང་ཚོས་འཕྲལ་དུ་རྣམ་གྲངས་པུའུ་རུ་བསྐྱོད་དེ་གད་ཁ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་བསྟན་འཛིན་རྣམ་རྒྱལ་སྡོད་སའི་སྒྲོམ་ཁང་གི་སྒོ་བརྡུངས།

    “སོ་ཕག་གི་སྤུས་ཚད་ལོན་མི་འདུག ཚང་མ་སློག་གི་ཡིན” བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད་བསྟན་འཛིན་རྣམ་རྒྱལ་གྱིས་ཚེ་རིང་དོན་གྲུབ་སོགས་ཁྲིད་དེ་སོ་ཕག་དབོར་མཁན་རླངས་འཁོར་གཉིས་ལས་ཡུལ་ནང་འཛུལ་དུ་བཅུག་མེད།

    མུན་པ་རིམ་བཞིན་རུབ་པས་སྒྲོམ་ཁང་གི་གློག་སྒྲོན་གསལ་ཐིང་ཐིང་དུ་གྱུར། འགན་གཙང་ལེན་མཁན་ལས་བྱེད་པ་ལས་ཡུལ་དུ་བཅའ་སྡོད་བྱས་ཚུན་མང་ཚོགས་བློ་བདེ་པོར་གྱུར།

    “ཁ་པར་ནས་བཀོད་སྒྲིག”བྱེད་པ་ནས་ལས་ཡུལ་དངོས་སུ་ལས་སྒྲུབ་བྱེད་པའི་བར།

    ད་ལོའི་ཟླ་བ་5པར། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གི་གེགས་རྗེས་བསྐྱར་སྐྲུན་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། བསྐྱར་སྐྲུན་ལས་དོན་བདེ་བླག་ངང་སྤེལ་ཐུབ་ཆེད། ངམ་རིང་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་27གནོད་འཚེ་ཕོག་སའི་ཤང་དང་གྲོང་རྡལ་5རུ་འགན་གཙང་ལེན་བྱེད་པར་མངགས་ཏེ། མི་རེས་གཙོ་གནད(དཀའ་གནད)གྲོང་ཚོ་གཅིག་གི་འགན་འཁུར་བ་དང་རྫོང་ཐད་གཏོགས་དང་ཤང་གྲོང་ལས་བྱེད་པ་65ཡིས་མི་རེས་གྲོང་ཚོ་གཅིག་འགན་གཙང་ལེན་ཐོག“ཤང་འགན་གཙང་ལེན་མཁན་ལས་བྱེད་པ་ཤང་དུ་སྡོད་པ་དང་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་གྲོང་ཚོར་སྡོད་པའི”བླང་བྱ་ཁ་གསལ་བཏོན་པ་རེད།

    གད་ཁ་གྲོང་རྡལ་བར་བ་ཡུག་ཁུལ་གྱི་སྲིད་འཛིན་གྲོང་ཚོ་7གྱི་སྔོན་མའི་གནས་ཡུལ་དུ་རང་བྱུང་གནོད་འཚེ་ཡང་སེ་ཐོན་གྱི་ཡོད་པས། ཚན་རིག་དང་མཐུན་པའི་ཚོད་སྐོར་བྱས་པ་བརྒྱུད། མཐར་ལྷ་རྩེ་རྫོང་གྲའུ་ཤང་སྣེ་བཞི་གྲོང་ཚོའི་རྒྱལ་ལམ་འགྲམ་དུ་གྲོང་ཚོ་ཧྲིལ་པོ་བསྐྱར་སྐྲུན་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

    རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་རྗེས། ཨར་སྐྲུན་དུམ་བུ་གཉིས་དང་། འཕྲུལ་འཁོར་བརྒྱ་ལྷག་ཙམ། གྲོང་ཚོ་8ཀྱི་ལས་མི་མང་ཚོགས་བཅས་ལས་ཡུལ་དུ་འབྱོར་རྗེས་འགལ་བ་སྣ་ཚོགས་ཐོན་པ་སྟེ། སྐྱེལ་འདྲེན་རླངས་འཁོར་རུ་ཁག་གིས་རིན་གོང་སྤོར་བ་དང་། ཉེ་འཁོར་གྲོང་ཚོའི་འཕྲུལ་འཁོར་གཏོང་མཁན་གྱིས་ཐེངས་གྲངས་རྩོད་པ། བྱེ་རྡོའི་སྤུས་ཚད་མ་ལོན་པ། ཕན་ཚུན་སྐད་བརྡ་མི་འཕྲོད་པ་ལ་སོགས་རེད།

    བར་བ་ཡུག་ཁུལ་ནི་ཡུལ་གཞན་དུ་བསྐྱར་སྐྲུན་བྱེད་པ་ཞིག་ཡིན་པས་ལས་ཡུལ་དེ་ངམ་རིང་རྫོང་གྲོང་དང་ལམ་ཐག་སྤྱི་ལེ་50ཙམ་ཡོད།“གཞུང་ལས་ཁང་དུ་སྙན་སེང་ཉན་པ་དང་ཁ་པར་རྒྱག་པ་ཙམ་གྱིས་གནད་དོན་ཐག་གཅོད་ཐུབ་ཀྱི་མེད” དེས་ན་གད་ཁ་གྲོང་རྡལ་གྱི་འགན་གཙང་ལེན་མཁན་ལས་བྱེད་པ་བསྟན་འཛིན་རྣམ་རྒྱལ་དང་མིག་དམར་ཚེ་རིང་སོགས་མི་ལྔ་པོས་སྒྲོམ་ཁང་ནང་ཉལ་ནས་ཆུ་ཚོད་24ཡི་རིང་འཐབ་ས་དང་པོ་བརྟན་སྲུང་བྱ་རྒྱུའི་ཐག་བཅད་པ་རེད།

    སྒྲོམ་ཁང་ཆུང་ཆུང་འདི་ཉལ་ཁང་ཡིན་ལ་གཞུང་ལས་ཁང་ཡང་ཡིན་ཞིང་། དེ་འགན་གཙང་ལེན་མཁན་ལས་བྱེད་པའི་ལས་ཡུལ་དུ་ཡོད་པའི“གཡུལ་ས་མདུན་མའི་བཀོད་འདོམས་པུའུ”ཞིག་ཏུ་གྱུར།

    ངམ་རིང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྔོན་རྩིས་ལས་དོན་ཨུ་ལྷན(ཁྲིམས་ལུགས་ལས་དོན་ཨུ་ལྷན)གྱི་ཀྲུའུ་རེན་ཨུ་ཡོན་མིག་དམར་ཚེ་རིང་གིས“བསྐྱར་སྐྲུན་ལས་དོན་གྱི་རྐང་པ་འཐེན་མི་རུང་བར་ཡུལ་མི་ཚོར་འཚོ་རྟེན་ལས་སྤྲོད་བརྒྱུད་འབབ་འཕར་ཡོང་བ་བྱེད་དགོས། ང་ཚོས་དེ་གར་བཅའ་སྲུང་བྱས་ཏེ་གནས་ཚུལ་ཐོན་མ་ཐག་ཁོང་དུ་ཆུད་པ་དང་ངོ་ཐུག་གདོང་འཕྲད་ངང་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད”ཅེས་བརྗོད།

    གཞན་སྐུལ་ནས་རང་འགུལ་བར། འགན་གཙང་ལེན་མཁན་ལས་བྱེད་པ་ས་གནས་ས་ཐོག་ཏུ་ཡོད་པ།

    ལས་ཡུལ་དུ་བཅའ་སྡོད་བྱས་རྗེས་འགན་གཙང་ལེན་མཁན་ལས་བྱེད་པས་འཕྲལ་མར་གནད་དོན་ཤེས་རྟོགས་ཐུབ་ཀྱི་ཡོད།

    ཉིན་མོར་ཨར་ལས་ཀྱི་བར་གསེང་དང་བསྟུན་ནས་ཁོང་ཚོས་ཡུལ་མི་དང་ཅི་འཕྲོས་མོལ་འཕྲོས་ཤོད་ཅིང་། ལས་ཀ་དཀའ་ལས་ཁག་པོ་འདུག་གམ། ཆང་རག་བཏུངས་ནས་ཟིང་ཆ་སློང་མཁན་ཡོད་དམ། ལས་གྲྭའི་སྤུས་ཚད་ལ་བློ་ཡིད་ཚིམ་པོ་འདུག་གམ་ཞེས་པ་ལ་སོགས་སྐད་ཆ་དྲིས་ཞོར་དུ་གནད་དོན་ཤེས་རྟོགས་བྱེད་ཀྱི་ཡོད།

    དགོང་མོ་ལས་བཟོ་ཚོ་ལས་ཀ་གྲོལ་རྗེས་འགན་གཙང་ལེན་མཁན་ལས་བྱེད་པ་ལས་འགོ་ཚུགས་ཤིང་། སུ་ཞིག་གི་ས་བླུགས་འཕྲུལ་འཁོར་ཕྱི་འབྱོར་བྱས་པ་དང་། གྲོང་ཚོ་གང་དག་གི་རླངས་འཁོར་རུ་ཁག་གི་ལས་རེས་བརྗེ་དགོས་པ་ལ་སོགས་ཐོ་འགོད་ཞིབ་ཕྲ་བྱས། ལས་བྲེལ་ཆེ་ཤོས་སྐབས་ཁོང་ཚོས་ཆུ་ཚོད་9པ་ནས་ཐོ་རེངས་ཆུ་ཚོད་3པའི་བར་མཐུན་སྦྱོར་བྱས་ཏེ་འཕྲུལ་འཁོར་གྱི་ལས་རིམ་བསྐྱར་དུ་ལེགས་སྒྲིག་བྱས་ནས། ཕྱི་ཉིན་རྒྱུན་གཏན་ངང་ཨར་སྐྲུན་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།

    མིག་དམར་ཚེ་རིང་གིས“གནད་དོན་མཐུན་སྦྱོར་དང་། སྒྲིག་ལམ་སྲུང་སྐྱོང་། སྤུས་ཚད་ལྟ་སྐུལ་བཅས་ཀྱི་བྱ་བ་ཚང་མ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པས། ཇི་ཙམ་ཙག་ཙིག་ཡོད་ཀྱང་ངང་རྒྱུད་རིང་ལ་ཞིབ་ཚགས་པ་དང་བརྩེ་སེམས་ཟབ་མོས་སྒྲུབ་དགོས”ཞེས་བརྗོད། དུས་ཡུན་ཟླ་བ་གསུམ་ནང་འགན་གཙང་ལེན་མཁན་ལས་བྱེད་པས་རིམ་རྩིས་བརྒྱབ་ན་རྩོད་གཞི་ཁག་35འདུམ་འགྲིག་བྱས་པ་རེད།

    ཚེ་རིང་དོན་གྲུབ་ཀྱིས“ལས་བྱེད་པ་ལས་ཡུལ་དུ་ཡོད་པས་ཡུལ་མིར་ལས་ཀ་ཡོད་ཚེ་ལམ་སེང་འཚོལ་དུ་ཡོང་ཆོག དེ་གོང་ཡུལ་མི་ཁག་གཅིག་གིས་བྱེ་རྡོའི་སྤུས་ཚད་ཡག་པོ་མེད་པ་ཤེས་ནས་འགན་གཙང་ལེན་མཁན་ལས་བྱེད་པར་སྙན་སེང་ཞུས་རྗེས། ང་ཚོས་འཕྲལ་མར་ཨར་སྐྲུན་ཕྱོགས་དང་ཡུལ་མིའི་འཐུས་མི་ཁྲིད་ནས་རླངས་འཁོར་བསྡད་དེ་སྤྱི་ལེ་90ལྷག་ཙམ་གྱི་སར་བསྐྱོད་དེ་མ་དཔེ་ལེན་པ་དང་བསྡུར་བ་བྱས་མཐར་མདོ་སྤེ་ཤང་གི་སྤུས་ལེགས་བྱེ་མ་སྤྱོད་རྒྱུ་དང་རིན་ཁྱད་ཚང་མ་ཨར་སྐྲུན་ཕྱོགས་ཀྱིས་འདོན་རྒྱུའི་ཐག་བཅད་ཡོད”ཅེས་བརྗོད།

    དོགས་པ་བྱེད་པ་ནས་ཡིད་ཆེས་ཐོབ་པའི་བར། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་པ།

    ས་སྲོད་མཚམས་སུ་འཕྲུལ་འཁོར་འཁོར་རྒྱུག་བྱེད་མཚམས་བཞག་མ་ཐག་སྐད་འཕྲིན་ཚོགས་པའི་ནང“ལྟོས་དང་། ཁོང་ཚོའི་ལས་རིམ་འཛོལ་བས་གནད་དོན་ཐོན་སྲིད”ཅེས་པའི་བརྙན་ཐུང་ཞིག་བསྐུར་བས་ཚང་མས་མ་འདོད་པའི་གཏམ་བཤད་སྤེལ། གད་ཁ་གྲོང་ཚོའི་ཡུལ་མི་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་དར་གྱིས་གནས་ཚུལ་སྙན་སེང་ཞུས་པར་བསྟན་འཛིན་རྣམ་རྒྱལ་གྱིས་འཕྲལ་མར་ཞིབ་དཔྱད་བྱས་པ་བརྒྱུད། དེ་ནི་ཡུལ་མིས་དེའི་ཐད་རྒྱུས་མངའ་མེད་པས་གོ་བ་ལོག་པ་ལས་ཨར་སྐྲུན་གྱི་ཚད་དང་མཐུན་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཡོད།

    ཁོང་གིས་ཚང་མ་གཅིག་ཏུ་འདུས་ཏེ་ལྷག་བསམ་ཟོལ་མེད་ངང“ཨར་སྐྲུན་གྱི་གནད་དོན་སྐད་འཕྲིན་ཚོགས་པའི་ནང་བསྐུར་ཚེ་གོ་ནོར་ཐེབས་སྲིད་པས། ཕྱིས་སུ་དོགས་གནད་ཡོད་ན་ཐད་ཀར་ང་ཚོ་འཚོལ་བར་ཡོང་ཆོག ང་ཚོས་དུས་ཐོག་ཏུ་ཐག་གཅོད་བྱེད་ངེས་ཡིན”ཞེས་བརྗོད།

    ལས་བྱེད་པ་དཀའ་ངལ་ལ་མ་འཛེམ་པར་གང་སར་བསྐྱོད་པས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཚད་སྔར་བས་ཆེ་རུ་ཕྱིན་ཡོད། “དཀའ་ངལ་འཕྲད་ཚེ་འགན་གཙང་ལེན་མཁན་ལས་བྱེད་པ་བཙལ་ན་ཐག་གཅོད་ཐུབ་པ”དེ་ཡུལ་མི་ཚོའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། སྤོ་རག་གྲོང་ཚོའི་ཡུལ་མི་ཚེ་དབང་བསྟན་འཛིན་གྱིས“དེ་གོང་འགོ་ཁྲིད་ལ་ཅུང་སྐྲག་སྣང་བྱེད་ཀྱི་ཡོད། ཟླ་བ་ཁ་ཤས་རིང་འབྲེལ་འདྲིས་བྱུང་རྗེས་ཁོང་ཚོར་དཔོན་ཉམས་གང་ཡང་མེད་པ་མ་ཟད། ལས་ཀ་ཡང་གང་མགྱོགས་གང་ལེགས་ཀྱིས་སྒྲུབ་ཀྱི་ཡོད་པ་ཤེས་རྟོགས་བྱུང”ཞེས་བརྗོད།

    ཨར་སྐྲུན་ཕྱོགས་དང་སི་ཁྲོན་ཅན་ཡུའེ་ཁྲེན་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་ས་གནས་ས་ཐོག་གི་འགན་འཁུར་བ་ཝན་ཧའོ་ཡིས། “འགན་གཙང་ལེན་མཁན་ལས་བྱེད་པ་ས་གནས་ས་ཐོག་ཏུ་བཅའ་སྡོད་བྱས་པ་ནི་མཐོང་ཐེངས་དང་པོ་ཡིན”“ཁོང་ཚོས་ཉིན་མོར་ཨར་སྐྲུན་ལ་སུན་པོ་མི་བཟོ་བར་དོན་དག་ཡོད་ཚེ་དགོང་མོར་རང་འགུལ་ངང་འབྲེལ་གཏུག་བྱེད་ཀྱི་འདུག གནད་དོན་འཕྲད་ཚེ་ཁོང་ཚོ་བཙལ་ན་ཐག་གཅོད་ཡག་པོ་བྱེད་ཀྱི་འདུག”ཅེས་སེམས་འགུལ་ཐེབས་བཞིན་བརྗོད།

    ཉལ་ཁྲི་སྟབས་བདེ་ཞིག་དང་སྒྲོམ་ཁང་ཞིག་གིས་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྦྲེལ། “ཉལ་ཁང་ལས་ཡུལ་དུ་སྤོས་ཚེ་ད་གཟོད་གནད་དོན་ཐག་གཅོད་ཡག་པོ་བྱེད་ཐུབ་ལ། མང་ཚོགས་ཀྱི་སར་རང་ཉིད་བཞག་ཚེ་མང་ཚོགས་ཀྱིས་གཞི་ནས་ང་ཚོ་ནང་མིར་བརྩི་སྲིད”ཅེས་ཤོད་ཀྱིན་དུ་མིག་དམར་ཚེ་རིང་གིས་སླར་ཡང་མཚན་མོའི་འདྲི་རྟོག་བྱེད་འགོ་བརྩམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།