ལྷ་ས་གྲོང་ཁྱེར་བརྒྱད་གཅིག་སྡེ་ཁུལ་གྱི་ཁྱིམ་རྒྱུད་ལོ་རྒྱུས་ཁང་།
སྡེ་ཁུལ་གྱི་གྲོང་མི“སེ་འབྲུའི་རྡོག་ལྟར”གོང་བུ་གཅིག་ཏུ་བསྒྲིལ་བ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་གྱི་ཁྱིམ་རྒྱུད་ལོ་རྒྱུས་ཁང་དུ། རྙིང་པ་ཆགས་ནས་སེར་པོར་གྱུར་པའི་འདྲ་པར་དེ་དག་གིས་དམག་མི་རྒན་རབས་པ་ཚོས་གངས་ལྗོངས་ས་མཐོ་གསར་སྦོལ་བྱས་པའི་དཀའ་ཚེགས་ཀྱི་ལོ་ཟླ་དང་། བཙའ་བརྒྱབ་པའི་ཐོན་སྐྱེད་ཡོ་བྱད་དེ་དག་གིས་འཛུགས་སྐྲུན་པ་མི་རབས་དང་པོས་འབད་འཐབ་བྱས་པའི་ལག་རྗེས། ལག་བྲིས་འཕྲིན་ཡིག་དང་འཚོ་བའི་མཁོ་ཆས་120ལྷག་གིས་མི་རབས་གསུམ་གྱིས་གཅིག་རྒྱུན་གཅིག་འཛིན་བྱས་པའི་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་བཅས་མཚོན་ཡོད།
དབྱིངས་སུ་ཚུད་པའི་འགྲེམས་སྟོན་ཇུས་འགོད་ལ་བརྟེན་ནས། མི་རིགས་ཁག་གི་གྲོང་མི་ཚོས་ཡུལ་དུས་བརྒལ་ནས་ལོ་རྒྱུས་ཕྱིར་དྲན་བྱེད་པའི་ཁྲོད་ཕན་ཚུན་དབར་གྱི་བརྩེ་དུང་ཟབ་ཏུ་དང་བསམ་པའི་སྦྲེལ་ཐག་དམ་དུ་ཕྱིན་ཡོད།
བརྒྱད་གཅིག་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས། “བརྒྱད་གཅིག་སྡེ་ཁུལ་གྱི་ཁྱིམ་རྒྱུད་ལོ་རྒྱུས་ཁང་བཙུགས་པ་ནས་བཟུང་གྲོང་མི་ཡོང་མཁན་མང་པོ་འདུག ད་ལོ་ཚུན་དུ། རྣམ་པ་སྣ་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་ཐེངས་50ལྷག་ཙམ་སྤེལ་བར་རིམ་རྩིས་བརྒྱབ་ན་བྱིས་པ་མི་ཐེངས་1260དང་གྲོང་མི་མི་ཐེངས་2800ལྷག་ཙམ་ཞུགས་ཡོད་ཅེས་བཤད།
ཁྱིམ་རྒྱུད་ལོ་རྒྱུས་ཁང་གི་ནུས་པ་དེ་བས་བཏོན་ཆེད། བརྒྱད་གཅིག་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་དང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་འཆད་ཁྲིད་གཉེར་བ་ནས་བོད་ལྗོངས་སློབ་ཆེན་དང་མཉམ་ལས་བྱས་པའི་རྒན་རྒོན་སློབ་ཆེན་གྱི་སྡེ་ཁུལ་སློབ་ཚན་བར་དང་། དེ་ནས་སློབ་ལོ་མ་ལོན་པའི་བྱིས་པའི་བོད་ཡིག་ཡིག་གཟུགས་འཛིན་གྲྭ་སོགས་བྱེད་སྒོ་མང་པོ་སྤེལ་བར་གྲོང་མིའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
མིག་སྔར། སྡེ་ཁུལ་དེའི་ནང་དུ། རྒྱ་རིགས་དང་། བོད་རིགས། ཧུད་རིགས། སོག་རིགས། དབྱིས་རིགས་སོགས་མི་རིགས་22གྱི་དུད་ཚང་ཁྱོན་6183དང་མི་གྲངས་17126སྡོད་ཀྱི་ཡོད་པར་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ལས་མིས་70%ལྷག་ཟིན་པས།“ཁྱིམ་མཚེས་ཡིན་ཡང་ཕན་ཚུན་ངོ་མི་ཤེས་པའི”གནས་ཚུལ་ཅུང་མངོན་གསལ་དོད་པོ་ཡོད། དེར་བརྟེན་བརྒྱད་གཅིག་སྡེ་ཁུལ་གྱིས་མང་ཚོགས་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་ཀྱིས་མཉམ་འགུལ་ལས་སྟེགས་བསྐྲུན་ནས་བོད་ཀྱི་སྡེ་ཁུལ་གྱི་ཁྱིམ་རྒྱུད་ལོ་རྒྱུས་ཁང་ཐོག་མ་དེ་བཙུགས་པ་རེད།
ཁྱིམ་རྒྱུད་ལོ་རྒྱུས་ཁང་གི་འགྲེམས་སྟོན་ཁྲོད། གྲོང་མི་རྨོའོ་ཚེ་གཡང་ལགས་ཀྱི་གཏམ་རྒྱུད་ནི་སེམས་འགུལ་ཐེབས་ཤོས་དེ་ཡིན། ཁོང་གི་ཕ་མ་གཉིས་ནི་བོད་རྙིང་པའི་དམངས་ཁྲོད་སྒྱུ་རྩལ་པ་ཡིན་པས། གཉའ་གནོན་ཚད་མེད་མྱངས་ཤིང་། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་གཞི་ནས་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་རེད།
ད་ཆ་ཁོང་གིས་སྡེ་ཁུལ་དེའི་རྒན་རྒོན་རིག་རྩལ་རུ་ཁག་གི་སྣེ་ཁྲིད་དེ་སྒྱུ་རྩལ་ལ་བརྟེན་ནས་དྲིན་ཚོར་གྱི་བསམ་པ་མཚོན་པར་བྱེད་ཀྱི་ཡོད།
“ཕ་མ་གཉིས་ཀའི་སྐབས་ཀྱི་ལོ་ཟླ་དང་བསྡུར་ན། བོད་གསར་པའི་འགྱུར་ལྡོག་ནི་དངོས་འབྲེལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུ་རེད” “ཁྱིམ་རྒྱུད་ལོ་རྒྱུས་ཁང་འདི་ལས་ངའི་ཕ་མ་གཉིས་ཀ་བོད་རྙིང་པའི་སྒྱུ་རྩལ་པ་ཞིག་ནས་སྤྱི་ཚོགས་གསར་པའི་རིག་རྩལ་ལས་དོན་པ་ཞིག་བར་གྱི་འགྱུར་ལྡོག་ཁ་གསལ་བཀོད་ཡོད། ད་ཆ། སྡེ་ཁུལ་རིག་རྩལ་རུ་ཁག་གིས་རང་དབང་རང་འདོད་ཀྱི་སྒོ་ནས་འཁྲབ་སྟོན་བྱེད་ཐུབ་པ་འདི་ནི་ཏང་གི་བཀའ་དྲིན་མིན་ན་སུའུ་ཡིན”ཞེས་རྨོའོ་ཚེ་གཡང་ལགས་ཀྱིས་སེམས་འགུལ་ཐེབས་བཞིན་བཤད།
བརྒྱད་གཅིག་སྡེ་ཁུལ་གྱི་གཏམ་རྒྱུད་ནི་ལྷ་ས་གྲོང་ཁྱེར་འཕེལ་རྒྱས་ཀྱི་བསྡུས་རིས་ལྟ་བུ་ཞིག་ཡིན་ལ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དེ་བས་ཀྱང་ཡིན། དེ་སྔའི་དམག་སྦོལ་ཞིང་ར་ནས་ད་ཆའི་མི་རིགས་མང་པོའི་ཞི་མཐུན་སྡེ་ཁུལ་བར་གྱི་འཕོ་འགྱུར་ལས་ཏང་གི་མི་རིགས་སྲིད་ཇུས་ལ་གངས་ལྗོངས་ས་མཐོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་ར་སྤྲོད་ཐུབ་ཡོད།
ཁྱིམ་རྒྱུད་ལོ་རྒྱུས་ཁང་གི་འགྲེམས་དངོས་ནི་ཁྱིམ་ཚང་རེ་རེའི་དྲན་ཤེས་ཡིན་པ་མ་ཟད། སྡེ་ཁུལ་ཡོངས་ཀྱི་ཐུན་མོང་གི་བསམ་པའི་རྒྱུ་ནོར་ཡང་ཡིན། དམངས་ཕན་མགྲོན་ཐུག་ཁང་གིས་མཁོ་འདོན་བྱེད་པ་ནི་འཚོ་བའི་ཞབས་ཞུ་ཙམ་མ་ཡིན་པར་ཏང་དང་སྲིད་གཞུང་གིས་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་གནང་ལུགས་ཡང་མཚོན་གྱི་ཡོད། བརྒྱད་གཅིག་སྡེ་ཁུལ་གྱིས་ཁྱིམ་རྒྱུད་ལོ་རྒྱུས་ལ་བརྟེན་ནས་ཁྱིམ་མཚེས་དབར་གྱི་བརྩེ་སེམས་ཟབ་ཏུ་བཏང་བ་དང་། ཞབས་ཞུར་བརྟེན་ནས་གྲོང་མིའི་སེམས་ལ་དྲོ་སྐྱིད་སྦྱིན་ཏེ“སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི”མཛེས་སྡུག་ལྡན་པའི་རེ་འདུན་མངོན་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།