དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གོམ་སྟབས་གལ་ཆེན་སྤོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྥུང་ཧྭ།   |     སྤེལ་དུས།  2025-09-22

    ཟླ་9ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ཚད་མཐོན་པོས‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་སྒྲུབ་བྱེད་པའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུན་ཆིའུ་ཡིས། “ལོ་ལྔ་ཚན་བཅུ་བཞི་པའི” རིང་། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་གཙོ་བོར་འཛིན་པ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བར་གྱི་མཆོང་སྐྱོད་ལྟ་བུའི་འགྱུར་ལྡོག་ལ་སྐུལ་འདེད་བཏང་ཡོད།

    སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་གྲུབ་འབྲས་གསར་པ་ཐོབ་པ།

    “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གོམ་སྟབས་གལ་ཆེན་སྤོས་ཤིང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་རྒྱུན་མཐུད་ཕྱིན་ནས། 2024ལོར། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་ཕྲ་རྡུལ(PM2.5)གྱི་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེ་རེ་ནས་ཝེ་ཁེ་29.3བར་ཆག་པ་དེ་2020ལོ་ལས་16.3%ཆག་པ་དང་། མཁའ་རླུང་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་87.2%ཟིན་པ་དེ་2020ལོ་ལས་བརྒྱ་ཆའི་གྲངས་2.4འཕར་བ། ས་ངོས་ཀྱི་ཆུ་སྤུས་ལེགས་པའི་ཆུའི་བཅད་ངོས་ཀྱི་བསྡུར་ཚད་90%ལས་ཐོག་མར་བརྒལ་བ། མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་བློ་ཡིད་ཚིམ་ཚད་ལོ་བཞི་བསྟུད་མར་90%ལས་བརྒལ་ཡོད།

    ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་ཤིང་། སྦགས་འཕྲི་ཐཱན་གཅོག་ལས་མཐུན་སྦྱོར་ཕན་འབྲས་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་བས། སོལ་གློག་འདོན་ཚད་ཆན་ཝ་དུང་ཕྱུར་11.2དང་ངར་ལྕགས་སྦོམ་པོའི་ཐོན་ནུས་ཏུན་དུང་ཕྱུར་9.5ཡི་བརྒྱུད་རིམ་ཧྲིལ་པོའམ་ཡང་ན་གཙོ་གནད་ལས་གྲྭའི་འབུད་ཚད་ཧ་ཅང་དམའ་བའི་སྒྱུར་བཀོད་ལེགས་གྲུབ་བྱུང་བ་རེད། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་བསྐྲུན་ནས་འཁོར་སྐྱོད་བརྟན་པོ་བྱས་པར། རྒྱལ་ཡོངས་ཀྱི་ཐཱན་འབུད་ཚད་60%ཡན་ལ་ཁྱབ་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད།

    སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལྟ་འདོམས་ལ་འཕེལ་རྒྱས་གསར་པ་བྱུང་ཞིང་། སྐམ་སའི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱ་ཁྱོན་གྱིས་བཟུང་བའི་བསྡུར་ཚད་30%ལས་བརྒལ་ཡོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ཁག་གཅིག་ལག་ལེན་བསྟར་བར། སྐམ་སའི་སྐྱེ་ཁམས་མ་ལག་གི་རིགས་90%དང་རྒྱལ་ཁབ་ཀྱི་གཙོ་གནད་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁྱུ་ཚོགས་74%ལ་སྲུང་སྐྱོང་ཡག་པོ་ཐུབ་ཡོད།

    གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་གིས་འགན་འཁྲི་གསར་པ་ཁུར་ཞིང་། ཐཱན་རྩེར་སོན་དང་ཐཱན་སྙོམ་གྱི་བརྗིད་ཆེའི་ཁས་ལེན་བྱས་པ་བཞིན་དོན་འཁྱོལ་བྱས་པ་དང་། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་བདེ་བླག་འཚོགས་པ། “ཁུན་མིང—མོང་ཐེ་ལིར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”ཆགས་པར་སྐུལ་འདེད་བཏང་སྟེ། “ཁུན་མིང་ཐེབས་རྩ”འཁོར་སྐྱོད་བྱེད་འགོ་བཙུགས་ནས་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་གདེང་ཚོད་ཆེ་རུ་གང་ལེགས་ཕྱིན་ཡོད། ལྷོ་ལྷོ་མཉམ་ལས་དང་ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་པར་ཀྲུང་གོའི་ལེགས་སྐྱེས་ཕུལ་ཡོད།

    ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ཇེ་མགྱོགས་སུ་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་ཡོད། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། སྤྱོད་གོ་ཆོད་པའི་སྲིད་ཇུས་མ་ལག་ཆ་ཚང་ཞིག་བཙུགས་ཏེ། ལྗང་མདོག་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེཌ་ཆ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།

    ཆོག་འཐུས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཐོན་ལས་གྲུབ་ཆ་ལེགས་སྒྱུར་ལེགས་སྒྲིག་ལ་སྐུལ་འདེད་བཏང་ཞིང་། ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ནས་འབུད་ཚད་མང་བ་དང་སྦགས་བཙོག་མང་བའི་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་ལ་ཞིབ་མཆན་འགོད་པའི་གྲངས་འབོར་མུ་མཐུད་ཉུང་དུ་ཕྱིན་པ་དང་། རླུང་གློག་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་གྲངས་འབོར་མང་དུ་རྒྱུན་ཆད་མེད་པར་ཕྱིན་ནས། 2025ལོའི་ལོ་སྟོད་དུ་དུས་མཚུངས་པ་ལས་44.4%དང་31.3%སོ་སོར་འཕར་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་རིགས་ཀྱི་ལག་རྩལ་མཐོ་བའི་ཐོན་ལས་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་ཡིག་ཆ་ཁྲི་1.46ལ་ཞིབ་མཆན་སྤྲད་པར། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་གྲུབ་ཆ་གཙོ་བོའི་འགན་སྲུང་མཁོ་འདོན་གང་ལེགས་བྱས་ཡོད།

    ད་ལོ་ནི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལམ་ལུགས་བཙུགས་ནས་ལོ་10འཁོར་བའི་ལོ་རེད། “ལྟ་ཞིབ་ནན་པོ་བྱས་པ་བརྒྱུད། དཔེ་མཚོན་གྱི་གྱོད་གཞི་གལ་ཆེན་ཁག་གཅིག་རྩད་ཞིབ་ཐག་གཅོད་ཐུབ་ནས། མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོ་ཁག་གཅིག་ཐག་གཅོད་ཐུབ་ཡོད་པ་རེད” སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཧུའེ་ཝུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་བ་དྲུག་པའི་བར། རེས་སྐོར་དང་པོའི་ལྟ་ཞིབ་དང“ཕྱི་མིག་ལྟ་བའི”བཅོས་སྒྲིག་ལས་འགན་ཁག་3294སྤྱིའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། རེས་སྐོར་གཉིས་པའི་བཅོས་སྒྲིག་ལས་འགན་ཁག་2164ལེགས་གྲུབ་ཟིན་ཚད་85%ལས་བརྒལ་བ། རེས་སྐོར་གསུམ་པའི་ལྟ་ཞིབ་བཅོས་སྒྲིག་ལའང་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད་པ་རེད། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གྱོད་དོན་ཁྲི་35ལ་ལྟ་ཞིབ་བདག་སྤྲོད་བྱས་པའི་ནང་། མང་ཆེ་བ་ཐག་གཅོད་བྱས་ཟིན་པའམ་ཡང་ན་དུས་མཚམས་རང་བཞིན་གྱི་ཐག་གཅོད་བྱས་ཟིན་ཡོད་པ་རེད།

    གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཐཱན་རྩེར་སོན་དང་ཐཱན་སྙོམ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

    ད་ལོ་ནི“ཐཱན་གཉིས”དམིགས་ཚད་བཏོན་པའི་ལོ་ལྔ་པ་རེད། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཀའོ་ཡིས་ངོ་སྤྲོད་བྱས་དོན། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཐཱན་རྩེར་སོན་དང་ཐཱན་སྙོམ་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཐཱན་རྩེར་སོན་དང་ཐཱན་སྙོམ་སྲིད་ཇུས་མ་ལག་འཛུགས་པ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ནུས་རྒྱུ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གོ་ལ་ཧྲིལ་པོའི་ཆེ་ཤོས་དང་འཕེལ་རྒྱས་མགྱོགས་ཤོས་ཀྱི་བསྐྱར་སྐྱེས་ནུས་རྒྱུའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། རླུང་གློག་དང་ཉི་གློག་གི་གློག་འདོན་ཚད་བསྡོམས་འབོར་གྱིས་2030ལོའི་རྒྱལ་ཁབ་ཀྱི་རང་རྟེན་ལེགས་སྐྱེས་འབུལ་བའི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ནས། དབྱང་གཉིས་ཐཱན་འགྱུར་འབུད་ཚད་མུ་མཐུད་ཆག་ཡོད། རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བར། ཟླ་9ཚེས་18ཉིན་བར། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་རའི་བགོ་བྱའི་བཅད་འབོར་གྱི་རིམ་རྩིས་ཉོ་ཚོང་གྲངས་འབོར་ཏུན་དུང་ཕྱུར་7.14ཟིན་པ་དང་། རིམ་རྩིས་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་489.61ཟིན་ཡོད། ཐོན་རྫས་ཀྱི་ཐཱན་ཤུལ་དོ་དམ་མ་ལག་སྣེ་ཁྲིད་ནས་བཙུགས་ཏེ། ཐོན་རྫས་ཀྱི་ཐཱན་ཤུལ་ཞིབ་རྩིས་ཚད་གཞི་ཁག་100ལྷག་ཙམ་ཁྱབ་བསྒྲགས་བྱེད་པར་མཛུབ་ཁྲིད་དང་། རྒྱལ་ཁབ་ཀྱི་དྲོད་ཁང་རླངས་གཟུགས་འབུད་གཏོང་རྐྱེན་ཆའི་གཞི་གྲངས་མཛོད་སོགས་དྲ་ཐོག་ཏུ་བཀྲམ་ཡོད། གནམ་གཤིས་འགྱུར་ལྡོག་དང་འཚམ་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྡེ་ཚན་མང་པོ་དང་མཉམ་དུ《རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་དང་འཚམ་པའི་འཐབ་ཇུས་2035》བཀྲམ་ནས་ལག་བསྟར་གྱིས་གནམ་གཤིས་འཚམ་པོ་ཡོད་པའི་གྲོང་ཁྱེར་39ཚོད་ལྟའི་འཛུགས་སྐྲུན་བྱེད་རྒྱུ་རེད།

    མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕན་འབྲས་ཐོན་པར་སྐུལ་འདེད་རྒྱུན་མཐུད་བཏང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ཕྱོགས་ཡོངས་ནས་འགོ་ཚུགས་པ། མཛེས་སྡུག་ལྡན་པའི་གཙང་པོ་དང་མཚོ་དང་། མཛེས་སྡུག་ལྡན་པའི་མཚོ་ཁུག་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།