ཇུས་འགོད་ཧུར་ཐག་དང་། ལས་སྒྲུབ་ནན་ཏན། གྲུབ་འབྲས་དོན་གཉེར་བཅས་བྱས་ནས་སྲིད་གྲོས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
—— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཀྲའོ་ཚའེ་ཨེའི་སྐོར་བཀོད་པ།
ལེ་ཚན་གཏོད་པའི་གཏམ།
ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་གསུང་བཤད་གལ་ཆེན་གནང་སྟེ། བོད་ཀྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་དྲོ་སྐྱིད་ལྷག་པར་ཚོར་ཡོད། ཚང་མས་དྲིན་ཚོར་གྱི་སེམས་པ་བཅངས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ངར་ཤུགས་ཆེ་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་བོད་ལྗོངས་གསར་པའི་འཛུགས་སྐྲུན་ཁག་ནང་ཞུགས་ཡོད། དེ་རིང་ནས་བཟུང་། “སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་དོན་པའི་ཉམས་བཟང”ཞེས་པའི་ལེ་ཚན་འདོན་རྒྱུ་ཡིན་པས། ཚང་མས་དོ་ཁུར་ཡོད་པ་ཞུ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དེར་གངས་ལྗོངས་ས་མཐོར་མི་དམངས་ཀྱི་ཆེད་དུ་འགན་འཁྲི་བསྒྲུབས་ནས་རང་འགན་ཐེག་པ་འཁུར་ལེན་བྱེད་མཁན་སྔོན་ཐོན་དཔེ་མཚོན་མང་པོ་ཞིག་ཐོན་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཀྲའོ་ཚའེ་ཨེ་ནི་དེའི་ནང་གི་ཕུལ་དུ་བྱུང་བའི་མཚོན་བྱེད་ཅིག་རེད།
ཁོང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་བཅངས་ཏེ། “བྱས་པ་ཅན་ལ་གནས་ཐོབ་ཡོད་པ་དང་། གནས་ཐོབ་བྱུང་ན་སྔར་བས་བྱས་རྗེས་འཇོག་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བའི་འགག་རྩའི་ཐབས་ལམ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། ན་ནིང་ལོ་གཅིག་ཁོ་ནར་ཁོང་སློབ་སྦྱོང་འཛིན་གྲྭ་དང་། གསོ་སྦྱོང་འཛིན་གྲྭ སྙན་ཞུའི་ཚོགས་འདུ་བཅས་ཐེངས་40ལྷག་ཙམ་ནང་ཞུགས་པ་དང་ཟིན་བྲིས་ཡིག་འབྲུ་ཁྲི་10ལྷག་ཙམ་བརྒྱབ་ཡོད་པ་རེད། ཁོང་གིས་སྣེ་ཁྲིད་དཔེ་སྟོན་བྱས་པའི་སློབ་སྦྱོང་གི་རྣམ་འགྱུར་ལས་ཁྲེང་ཀོན་ཆུས་སྲིད་གྲོས་སུ་སློབ་སྦྱོང་ལ་བརྩོན་འགྲུས་དང་བསམ་བློ་གཏོང་མཁས་པའི་སྤྱོད་ཚུལ་བཟང་པོ་ཞིག་ཆགས་པར་སྐུལ་ཁྲིད་ཐུབ་ཡོད།
“སྐར་གསོག་ལམ་ལུགས”ལས་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་ཆེ་རུ་ཕྱིན་པ།
“ཁྲེང་ཀོན་ཆུས་སྲིད་གྲོས་སུ་ཐོག་མར་སླེབས་སྐབས། འགན་སྒྲུབ་ཧུར་ཐག་བྱེད་མཁན་ཨུ་ཡོན་ཁ་ཤས་ལས་མེད་པ་དང་། ཨུ་ཡོན་ཁ་ཤས་ཀྱི་ཧུར་བརྩོན་རང་བཞིན་ཆེན་པོ་མེད་ལ་ཐ་ན་ཁག་གཅིག་ཨུ་ཡོན་གྱི་མིང་ཁུར་ཐུབ་ཙམ་རེད”ཅེས་ཀྲའོ་ཚའེ་ཨེ་ཡིས་ཕྱིར་དྲན་བྱས་ནས་བརྗོད། གནས་ཚུལ་དེར་འགྱུར་ལྡོག་གཏོང་ཆེད། ཁོང་གིས་བློ་ཁོག་ཆེན་པོས“ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་གཅིག་རེ་དྲུག་གི་དཔྱད་ཞིབ་ལམ་སྲོལ”གསར་དུ་བཙུགས་པ་དང་། འགན་སྒྲུབ་ཀྱི་གནས་ཚུལ་ལ་གཞིགས་ནས་ཚད་འབེབས་སྐར་གསོག་བྱས་པ་མ་ཟད། ཚོགས་འདུ་གཉིས་རིང་བརྡ་ཁྱབ་བཏང་ནས་སྐར་མའི་ཨང་རིམ་མདུན་གྲལ་དུ་སླེབས་པའི་ཨུ་ཡོན་ལ་གཟེངས་བསྟོད་ཀྱང་བྱས་པ་རེད།
སྒྱུར་བཅོས་ནི་ཚེགས་མེད་ལྷུན་གྲུབ་ཅིག་གཏན་ནས་མིན། ཁྱབ་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད། ཨུ་ཡོན་ལ་ལས“ང་བྱེད་སྒོ་མང་པོ་ཞིག་ལ་ཞུགས་ཀྱང་སྐར་མ་ད་དུང་རྗེས་སུ་ལུས་དོན་ཅི་ཡིན”ཞེས་དོགས་འཆར་ཆེན་པོས་བརྗོད་ཀྱི་ཡོད། དེར་བརྟེན་ཁོང་གིས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་བརྒྱུད། ཚང་མས་ལམ་སྲོལ་དེར་རིམ་བཞིན་ཁས་ལེན་བྱེད་ཀྱི་ཡོད། ཁོང་མོས་ཤོས་བྱེད་ས་ནི་ཨུ་ཡོན་ཁག་གཅིག་གཞན་དབང་གི་ཁྲལ་སེལ་སླ་བཅོས་ནས་རང་འགུལ་ངང་ཞུགས་པར་བསྒྱུར་ཏེ་གྲོས་གཞི་དང་ཡུལ་བབ་དམངས་འདུན་མཚོན་པའི་ཆ་འཕྲིན་ཧུར་ཐག་གོང་འབུལ་ཞུ་གི་ཡོད་པ་དེ་རེད།
“ལོ་གཉིས་རིང་བཏོན་པའི་གྲོས་གཞི”དོན་ཐོག་ཏུ་འཁྱོལ་བ།
ཁྲེང་ཀོན་ཆུས་བརྒྱད་གཅིག་ཁྲོམ་གཞུང་རྒྱ་མཚོ་ཚོགས་ཆུང་གཉིས་པའི་སྲིད་གྲོས་ཨུ་ཡོན་སྤེན་པ་ཚེ་རིང་གིས་ལོ་གཉིས་བསྟུད་མར“རྒྱ་མཚོ་ཚོགས་ཆུང་གཉིས་པའི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་བྱ་རྒྱུའི་སྐོར་གྱི”གྲོས་གཞི་ཕུལ་བ་རེད།
2023ལོའི་ཟླ་9པར། ཀྲའོ་ཚའེ་ཨེ་ཡིས། སྒྲུབ་གཉེར་གནད་འཁེལ་མ་བྱུང་བའི་གྲོས་གཞི་ཁག་གཅིག་ལ“ཕྱིར་ལྟ”བྱེད་དགོས་པའི་བླང་བྱ་བཏོན་པ་རེད། བརྟག་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བར། རྒྱ་མཚོ་ཚོགས་ཆུང་གཉིས་པའི་སྲང་ལམ་སྔར་བཞིན་ས་རྡོའི་ལམ་ཡིན་པས་ཆར་པ་བབས་སྐབས་འདམ་རྫབ་ཀྱིས་ཁེངས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་མི་བདེ་བ་མང་པོ་བཟོ་ཡི་ཡོད་པ་རེད། “ལྟེ་བའི་གྲོང་ཁུལ་དུའང་ད་དུང་དེ་འདྲའི་རྗེས་ལུས་ཀྱི་ཁྲོམ་གཞུང་དང་སྲང་ལམ་འདུག མང་ཚོགས་ཀྱི་རེ་སྒུག་གང་མགྱོགས་ཐག་གཅོད་བྱེད་དགོས”བརྟག་ཞིབ་བྱས་རྗེས་ཁོང་གིས་འཕྲལ་མར་སྲིད་གཞུང་ལ་སྙན་སེང་ཞུས་ནས་དེ་དག་ཁྲོམ་གཞུང་དང་སྲང་ལམ་བཅོས་སྐྱོང་རྣམ་གྲངས་ནང་འཇུག་རྒྱུའི་གྲོས་འགོ་བཏོན་པ་རེད། ཆུས་སྲིད་གཞུང་གིས་རེ་ཞུ་མཐུན་སྦྱོར་བྱས་པ་བརྒྱུད། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་གནད་དོན་དེ་2024ལོའི་དམངས་འཚོ་ལེགས་གཏོང་གི་རྣམ་གྲངས་ནང་བཅུག་པ་རེད། ན་ནིང་ཟླ་8པར། རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ལས་གྲྭ་དེ་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད། ཀྲའོ་ཚའེ་ཨེ་ཡིས“ཨུ་ཡོན་སྤེན་པ་ཚེ་རིང་གིས་ང་ལ་མང་ཚོགས་ཀྱི་ལོ་མང་རིང་གི་རེ་འདུན་གཞི་ནས་མངོན་འགྱུར་བྱུང་སོང་ཞེས་བཤད་བྱུང་། དེ་ནི་ཏང་ཨུད་དང་སྲིད་གཞུང་གིས་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞིར་མཐོང་ཆེན་བྱས་པའི་བདེན་དཔང་ཡག་ཤོས་ཤིག་རེད”ཅེས་བརྗོད།
“དོན་དག་ཡོད་ན་གྲོས་བསྡུར་བྱས་པས་ཆོག”ཅེས་པའི་གྲོས་མོལ་གྱི་བློ་གྲོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག དོན་དག་ཡོད་སྐབས་གྲོས་བསྡུར་དང་། དམངས་ཀྱི་དོན་དག་དམངས་ཀྱིས་གྲོས་བསྡུར་བྱས་ཏེ། སྤྱི་ཚོགས་ཧྲིལ་པོའི་བསམ་འདུན་དང་བླང་བྱའི་མཐུན་ཆ་ཆེ་ཤོས་འཚོལ་ཐུབ་པ་ནི་མི་དམངས་དམངས་གཙོའི་དོན་གྱི་སྙིང་པོ་རེད”ཅེས་ནན་བཤད་གནང་བ་དེ་ཀྲའོ་ཚའེ་ཨེ་ཡིས་ལས་དོན་སྤེལ་བའི་བློ་གྲོས་ཀྱི་ཡོང་ཁུངས་རེད།
ཀྲའོ་ཚའེ་ཨེ་ཡིས་ད་དུང“རིག་སྟོབས་དང་བློ་སྟོབས་གཉིས་སྐྱོར”གྱི་མི་ཆོས་རིག་གནས་ཀྱི་སེམས་ཁུར་ལ་མཐོང་ཆེན་བྱེད་ཅིང་། ཁོང་གིས་དངོས་པོའི་རོགས་རམ་གྱིས་སྐབས་འཕྲལ་གྱི་དཀའ་ངལ་ཙམ་ལས་སེལ་མི་ཐུབ་པ་དང་། དབུལ་ཕོངས་ངོ་མ་སེལ་བར་ནང་སྐྱེས་སྒུལ་ཤུགས་འཕེལ་བ་དང་རང་ངོས་ཀྱི་རིན་ཐང་བསྐྱར་དུ་གཏོད་པར་བརྟེན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། དཀའ་ངལ་ཡོད་པའི་ཏང་ཡོན་ནད་པ་ཞིག་ལ་འཚམས་འདྲི་བྱེད་སྐབས། ཁོང་གིས་ཏང་ཡོན་དེར་ཕྲུ་གུ་ལྔ་ཡོད་པས་འཚོ་བར་དཀའ་ངལ་ཆེན་པོ་ཡོད་པ་ཤེས་རྗེས། ཨུ་ཡོན་དང་མཐུན་སྦྱོར་གྱིས་ཞལ་འདེབས་བརྒྱབ་པ་མ་ཟད། ད་དུང་འཚེམ་བཟོའི་རྩལ་ནུས་གསོ་སྦྱོང་བཀོད་སྒྲིག་བྱས་པ་དང་ཁེ་ལས་ཀྱི་མངགས་ཐོ་དང་འབྲེལ་གཏུག་བྱས་ནས་ཕྱི་ལ་འགྲོ་མི་དགོས་པར་ལག་རྩལ་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པར་བྱས་པ་རེད།
ཁོང་གི་སྣེ་ཁྲིད་འོག་ཁྲེང་ཀོན་ཆུས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་ཞིང་། ཨུ་ཡོན་ཆུང་བདག་གིས་དཀའ་ངལ་ཡོད་པའི་མང་ཚོགས་དང་མཛེ་ནད་དྲག་སྐྱེད་བྱུང་མཁན་ལ་འཚམས་འདྲི་བྱས་པ་དང་། ཨུ་ཡོན་བཀྲ་ཤིས་ཀྱིས་མི་ཧྲེང་རྒན་རྒོན་ལ་དངུལ་ཞལ་འདེབས་བརྒྱབ་པ། ཨུ་ཡོན་ངག་བསྟན་གྱིས་ཁྲེང་ཀོན་ཆུས་ཀྱི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ལ་དངོས་ཟོག་ཞལ་འདེབས་བརྒྱབ་པ་ལ་སོགས་བསྡོམས་རྩིས་བརྒྱབ་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་སྒོར་ཁྲི་སྟོང་ལ་ཉེ་བའི་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པ་རེད།
འབྲེལ་ཡོད་གསར་འགྱུར།