《དུས་རབས་གསར་པའི་ཀྲུང་གོས་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལག་ལེན་དང་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཀྲུང་གོས་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལག་ལེན་དང་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད་ཁྱོན་ཁག་ལྔ་ལ་དབྱེ་བ་སྟེ། ཀྲུང་གོའི་བུད་མེད་བྱ་གཞག་འཕེལ་རྒྱས་གཏོང་བའི་ལམ་བུ་ཕྱོགས་ཡོངས་ནས་གསར་འབྱེད་དང་། བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་བྱ་སྤྱོད་དུ་བརྩི་བ། བུད་མེད་ཀྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད། བུད་མེད་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་ཡིན་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་ནན་བཤད་བྱས་དོན། བུད་མེད་ནི་མིའི་རིགས་ཀྱི་ཤེས་དཔལ་གསར་གཏོད་བྱེད་མཁན་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན་ཡིན། ཕོ་མོ་འདྲ་མཉམ་དང་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་མངོན་འགྱུར་བྱ་ཆེད། མིའི་རིགས་ཀྱིས་ཀྱག་ཀྱོག་དང་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། ཕོ་མོ་འདྲ་མཉམ་དང་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་གསར་གཏོད་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། ཀྲུང་གོས་བུད་མེད་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་ནང་བཅུག་པ་དང་། བུད་མེད་འཕེལ་རྒྱས་ཀྱི་ཆུ་ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་བསྡུར་ཞིབ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དུས་མཉམ་དུ་འཆར་འགོད་དང་། དུས་མཉམ་དུ་བཀོད་སྒྲིག དུས་མཉམ་དུ་སྐུལ་འདེད། དུས་མཉམ་དུ་དོན་འཁྱོལ་བཅས་མངོན་འགྱུར་བྱེད་པ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་བས་མང་བ་དང་དྲང་སྙོམས་ངང་རྒྱ་ཆེའི་བུད་མེད་ལ་ཕན་པ་ཐོབ་པར་བྱས་ཏེ། བུད་མེད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཕུན་སུམ་ཚོགས་པ་དང་། སྔར་བས་འགན་སྲུང་ཐུབ་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་ཡོང་བར་བྱས་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བུད་མེད་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། ཞུགས་པའི་འཇོན་ཐང་ཆེ་རུ་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བཅས་བྱས་པས། རྒྱ་ཆེའི་བུད་མེད་ཀྱི“གནམ་ཕྱེད་ཀ་འདེགས་པའི”ནུས་པ་གང་ལེགས་མངོན་ཡོད། བུད་མེད་ཚོས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བྱས་རྗེས་འཇོག་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཁྲོད་འདྲ་མཉམ་ཞུགས་པ། རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ཁྲོད་ཉམས་འགྱུར་མངོན་པ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་འགན་འཁུར་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་འབད་བརྩོན་དངོས་བྱེད་པ་བཅས་ལ་ཀྲུང་གོས་སྐུལ་འདེད་གཏོང་གི་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། དེང་སྐབས་འཛམ་གླིང་ཐོག་ཕོ་མོ་འདྲ་མཉམ་དང་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་གོ་སྐབས་འཕྲད་པ་མ་ཟད། ལས་འགན་ལྕི་ལ་ལམ་ཐག་ཀྱང་རིང་པོ་ཡོད། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་མདུན་སྐྱོད་དང་བྱ་སྤྱོད་མགྱོགས་མྱུར་སྤེལ་ཏེ། བུད་མེད་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་པ་དང་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།