དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཧུར་ཐག་བཏོད་པ།

    —— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་དམངས་འཚོའི་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-21

    ལོ་ངོ་60ཡི་འཕོ་འགྱུར་ཆེན་པོ་དང་། ལོ་ངོ་60ཡི་འོད་སྟོང་འཕྲོ་བའི་མཆོང་སྐྱོད་ལས། ད་ཆའི་བོད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ། དམངས་འཚོའི་མཐའ་ཚད་སྔར་བས་བརྟན་དུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ལ་སྡོད་སའི་ཁང་པ་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། སྦྱོང་དུས་སློབ་མཁན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ་བཅས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་མཉམ་སྤྱོད་ཐུབ་ནས། ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། གངས་ལྗོངས་ས་མཐོར་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས། གང་སར་དར་རྒྱས་གོང་འཕེལ་དང་གསོན་ཤུགས་རབ་འཕེལ་གྱི་རྣམ་པ་མངོན་ཞིང་། དུས་རབས་གསར་པར་བོད་འདི་ཉིད་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པར་བརྟེན་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད།

    སྨན་བཅོས་འགན་སྲུང་དྲ་བ་ཚགས་དམ་དུ་བཏང་བ།

    ས་བབ་སྨི་4000ལྷག་ཙམ་ཡོད་པའི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་སྒང་བཞི་གྲོང་ཚོར། ཡུལ་མི་དོན་གྲུབ་སྒྲོལ་མས་གྲོང་ཚོའི་འཕྲོད་བསྟེན་ཁང་ནས་དུས་ཐོག་ཏུ་འགྲོ་སོང་རྩིས་ཞུ་བྱས་མ་ཐག་པའི་འཛིན་ཡིག་ཁྱེར་ནས་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་མཆིས། “ད་ཆ་ཁྱིམ་གྱི་སྒོ་རྩར་སྨན་བཅོས་ཀྱི་འགྲོ་སོང་རྩིས་ཞུ་བྱེད་ཐུབ་པས་སྟབས་ཧ་ཅང་བདེ་པོ་འདུག” ཅེས་པའི་སྐད་ཆ་ཐུང་ཐུང་དེས་རང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་སྒྱུར་བཅོས་བྱས་པ་ལས་ཞིང་འབྲོག་པའི་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་པ་གསལ་བཤད་ཐུབ་ཡོད།

    2023ལོར་རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རང་སྐྱོང་ལྗོངས་རིམ་པའི་སྤྱི་འདོམས་ལག་བསྟར་བསམ་འཆར》བཏོན་པ་དེས། སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་དྲང་གཞག་རང་བཞིན་དང་དོ་སྙོམས་རང་བཞིན་ཆེ་རུ་ནུས་ལྡན་ཕྱིན་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། རང་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་གྲངས་དེ་2022ལོའི་མི་ཁྲི་339.62ནས་2025ལོའི་མི་ཁྲི་351.88བར་འཕར་བ་དང་། འགན་བཅོལ་ནང་ཞུགས་ཚད་95%ཡན་བརྟན་པོ་བྱུང་བ། དཀའ་ངལ་ཡོད་པའི་མང་ཚོགས་འགན་བཅོལ་ནང་ཞུགས་ཚད་99%ཡན་ཟིན་པ། 2024ལོ་དང་2025ལོར་འགན་བཅོལ་ནང་ཞུགས་པའི་དམིགས་ཚད་ལེགས་གྲུབ་བྱུང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    ཉེ་ཆར། མངའ་རིས་ས་ཁུལ་གྱི་སྨན་བཅོས་འགན་སྲུང་སྐར་ཁུང་ནས་ཕྲུ་གུ་དམར་འབྱར་ཞིག་གི་ནང་མིར་སྨན་བཅོས་འགན་བཅོལ་གྱི་ཐ་སྐྱོང་འགན་སྲུང་གི་དྲོ་སྐྱིད་དངོས་སུ་ཚོར་ཡོད།

    ཕྲུ་གུ་དམར་འབྱར་དེར་ལྷན་སྐྱེས་སྙིང་ནད་སོགས་ཀྱི་ནད་གཞིས་རྐྱེན་པས་སྨན་བཅོས་འགྲོ་གྲོན་སྒོར་ཁྲི་49ཙམ་ཕྱིན་པ་དང་། “གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། གྲངས་འབོར་མང་བའི་ཁ་གསབ་སྨན་བཅོས་འགན་བཅོལ”བཅས་ཟུང་དུ་འབྲེལ་བའི“འཛིན་ཡིག་གཅིག་གི་ལམ་ལུགས”ཀྱི་མཇུག་རྩིས་བརྒྱུད། མཐར་སྒོར་ཁྲི་47.59རྩིས་ཞུ་ཐུབ་པ་དང་རྩིས་ཞུའི་བསྡུར་ཚད་97%ཟིན་ནས་ཁྱིམ་ཚང་དེའི་དཔལ་འབྱོར་གྱི་གནོན་ཤུགས་རྩ་བའི་ཆ་ནས་ཆུང་དུ་ཕྱིན་ཡོད།

    རང་ལྗོངས་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། སྨན་བཅོས་འགན་སྲུང་ཞབས་ཞུའི་ཁྱབ་རྒྱ་ཆེ་བས། མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་པའི་སྨན་བཅོས་འགྲོ་སོང་རྩིས་ཞུའི་ཐབས་ལམ་གྱི་དཀའ་གནད་དེར་དམིགས་ནས། རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་མ་ལག་གིས་གཞི་རིམ་དུ་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་ཆ་རྐྱེན་དང་མཐུན་པའི་གྲོང་ཚོའི་འཕྲོད་བསྟེན་ཁང་4889སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་དོ་དམ་ཁྱབ་ཁོངས་སུ་བཅུག་པ་དང་། དེའི་ནང་གི་འཕྲོད་བསྟེན་ཁང་2949ལ“གྲོང་ཚོའི་སྨན་པ་ཀུན་ལ་ཁྱབ་པའི”POSའཕྲུལ་ཆས་ཀྱི་སྨན་བཅོས་འབྲེལ་སྲུང་དྲ་བའི་བསྡོམས་རྩིས་མངོན་འགྱུར་བྱུང་ཡོད། དགེ་སྡིངས་གྲོང་རྡལ་སྒང་བཞི་གྲོང་ཚོའི་འགྱུར་ལྡོག་ནི་འདུ་འགོད་དེའི་མཚོན་ཚུལ་ཙམ་ཞིག་ཡིན་པ་སྟེ། སྨན་བཅོས་རྩིས་ཞུའི་དུས་ཚོད་ཆ་སྙོམས་ཉིན་3ནས་སྐར་མ་15བར་ཐུང་དུ་ཕྱིན་པ་དང་། འགྲོ་འོང་གི་མ་གནས་80%ཙམ་དམའ་རུ་ཕྱིན་པ། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་དུས་མཚུངས་ལས་40%ཙམ་འཕར་ནས་ཞིང་འབྲོག་པའི“ནད་ཆུང་ནར་འགྱངས་གཏོང་བ་དང་ནད་ཆེན་སྡུག་རུས་རྒྱག་པའི”སྣང་ཚུལ་ལ་འགྱུར་ལྡོག་ནུས་ལྡན་ཕྱིན་ཡོད།

    གཞན་ཡང་། རང་ལྗོངས་ཀྱིས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི“འཕྲལ་མར་ཐོ་འགོད་སྙན་སེང་ཞུ་བའི”འདུ་འགོད་ལག་ལེན་བསྟར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་སྨན་བཅོས་འགན་བཅོལ་གྱི་ཨང་རྟགས་བསྟན་ན་རང་འགུལ་ངང་ཐོ་འགོད་ལེགས་འགྲུབ་བྱེད་ཐུབ་ཅིང་། མིག་སྔའི་བར། ལྗོངས་ཡོངས་ཀྱི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་856.58ལྷག་ཙམ་ཟིན་པ་དང་། མཇུག་རྩིས་བརྒྱབ་པའི་འགྲོ་གྲོན་སྒོར་དུང་ཕྱུར་45.01ཟིན་པ། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་སྤྱོད་མཁན་མི་ཐེངས་ཁྲི་177.60ཟིན་ནས། “མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་པ”ནས“གྲངས་གཞིར་བརྟེན་ནས་ལས་དོན་སྒྲུབ་པའི”བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

    ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ།

    ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་ཞིང་། དེའི་སྣེ་གཅིག་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་དང་། སྣེ་གཞན་ཞིག་དམངས་འཚོའི་སྐྱིད་སྡུག་དང་འབྲེལ་ཡོད།

    “2019ལོར་ལས་གཏོད་ཀྱི་འགོ་རྩོམ་མ་དངུལ་སྒོར་ཁྲི་5རག་སྐབས། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་གདམ་ག་དེ་འགྲིག་པ་ངས་གསལ་པོར་ཤེས་བྱུང”ཞེས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་གཞོན་ནུ་ནོར་ལྷས་བཤད་པ་དང་རོགས་སྐྱོར་མ་དངུལ་ཐེངས་དང་པོ་རག་པའི་རྣམ་པ་དེ་ད་ལྟའང་ཁོང་གི་སེམས་ལ་གསལ་པོར་དྲན་གྱི་ཡོད།

    2018ལོར་སློབ་ཆེན་ཐོན་པའི་ནོར་ལྷས་གྲོང་ཁྱེར་དུ་འཕེལ་རྒྱས་གཏོང་བའི་གོ་སྐབས་སེམས་ཐག་ཆོད་པོས་དོར་ཏེ། མི་གཞན་གྱི་སྔོན་ལ་བྱེད་ཕོད་པའི་བློ་སྟོབས་དང་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ལ་བརྟེན་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་ལས་གཏོད་ཀྱི་ལམ་བུ་ཞིག་བཏོད་ཅིང་། ནས་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་སྲོལ་རྒྱུན་གྱི་རྩམ་པ་འཐག་སྟངས་དེ་སྟབས་བདེའི་ཚབ་ཟས་ཐོན་རྫས་སུ་གསར་སྤེལ་བྱེད་པ་ནས་གྲོང་གསེབ་ཡུལ་སྐོར་གྱི་ཤར་རླུང་ལ་བརྟེན་ནས་གནམ་མཚོ་གླང་ཆེན་གནམ་སྒོའི་དམངས་སྲོལ་གནས་ཚང་བཙུགས་པའི་བར་དང་། དེ་ནས་ཕ་ཡུལ་གྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་ལ་དམིགས་ནས་ཐད་གཏོང་རྟེན་གཞི་བསྐྲུན་པའི་བར་དུ་ཁོང་གི་ལས་གཏོད་ཀྱི་རྗེས་ཤུལ་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་ཡོད།

    “འགོ་རྩོམ་མ་དངུལ་ནི་ལས་འགོ་འཛུགས་པའི་འགག་རྩ་ཡིན། དེའི་རྗེས་སུ་སྐྱེད་མེད་དངུལ་བུན་སྒོར་ཁྲི་30ཡིས་འཁོར་རྒྱུག་གི་དཀའ་གནད་ཐག་གཅོད་ཐུབ་སོང་། ད་ཆ་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་པའི་ཀུན་གཏོད་བར་མཐོངས་ནང་ཞུགས་པས། ཁང་གླ་ཡན་ཆད་ནས་གྲོན་ཆུང་ཆེན་པོ་ཐུབ་སོང”ཞེས་ནོར་ལྷས་བརྗོད།

    ནོར་ལྷར་ཐོབ་པའི་གྲུབ་འབྲས་ནི་རང་ལྗོངས་ཀྱི་ལས་ཞུགས་ལས་གཏོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་མཚོན་ཚུལ་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་ལྗོངས་ཀྱིས་ལས་ཞུགས་སྲིད་ཇུས་མཁོ་སྤྲོད་རྒྱུན་མཐུད་མང་དུ་བཏང་བ་སྟེ། 《དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》དང《བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་དུ་ལས་ཞུགས་ལས་གཏོད་བྱེད་པར་ཁྲིད་སྟོན་དང་སྐུལ་མ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་སྲིད་ཇུས་བྱེད་ཐབས་30ལྷག་ཙམ་སྔ་རྗེས་སུ་བཏོན་ནས། མཐོ་སློབ་སློབ་ཐོན་སློབ་མ་དང་། དཀའ་ངལ་ཡོད་པའི་ཚོགས་སྤྱི། ལས་གཏོད་བྱེད་མཁན་སོགས་ཕྱོགས་མི་འདྲ་བར་ཁྱབ་པའི་སྲིད་ཇུས་བྱེད་ཐབས་བཟོས་ཡོད།

    མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྤེལ་རིང་། རང་ལྗོངས་ཀྱིས་ལས་ཞུགས་སྔོན་ལ་འཇོག་པའི་འཛིན་ཕྱོགས་མཐའ་འཁྱོངས་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་བར་མཐོངས་རྒྱ་སྐྱེད་བཏང་ཡོད། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་དང་ས་ཁོངས་བརྒལ་བའི་མཉམ་ལས་སོགས་ཀྱི་བྱ་ཐབས་བརྒྱུད། ལས་གནས་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ་ལོ་རེར་ཆ་སྙོམས་ལས་ཞུགས་ལས་གནས་ཁྲི་7ཡན་མཁོ་འདོན་བྱས་པ་དང་། ཆེད་ལས་མི་འདྲ་བ་དང་ས་ཁོངས་མི་འདྲ་བའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ལོ་རེར་ཆ་སྙོམས་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་400ལྷག་ཙམ་གཉེར་ནས་མཁོ་སྤྲོད་ནུས་ཆེ་སྦྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ལྗོངས་ཕྱིའི་ལས་ཞུགས་ཐབས་ལམ་མུ་མཐུད་རྒྱ་སྐྱེད་བཏང་སྟེ། ལོ་རེར་ཆ་སྙོམས་ལྗོངས་ཕྱིའི་ལས་ཞུགས་ལས་གནས་ཁྲི་2མཁོ་འདོན་བྱས་པ་དང་། ལྗོངས་ཕྱིའི་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་18དང་ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་རྟེན་གཞི་40བཙུགས་ནས་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་རྒྱ་ཆེ་བའི་གར་སྟེགས་སུ་སྐྱོད་པར“སྦྲེལ་ཟམ”བསྐྲུན་ཡོད།

    སྡོད་ཁང་གི་བདེ་འཇགས་ལམ་ཐིག་བརྟན་པོར་བསྲུངས་པ།

    སྡོད་ཁང་བདེ་འཇགས་ནི་མང་ཚོགས་ཀྱི་བབ་ཆགས་ཤོས་ཀྱི་རེ་སྒུག་ཅིག་རེད་ལ། རང་ལྗོངས་ཀྱི་དམངས་འཚོའི་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཀྱང་རེད། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དམངས་ཡོངས་ལ་སྡོད་སའི་ཁང་པ་ཡོད་པར་བྱེད་དགོས”ཞེས་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། ཞིང་འབྲོག་ཁུལ་གྱི་ཉེན་ཡོད་ཁང་པ་རེ་རེ་བཞིན་སྒྱུར་བཀོད་བྱས་པ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་ཁང་གསར་སྟར་པ་རེ་རེའི་བར་དུ། ས་ཁོངས་ཧྲིལ་པོར་ཁྱབ་པའི་སྡོད་ཁང་བདེ་འཇགས་དྲ་བ་བསྐྲུན་ནས“སྡོད་སའི་ཁང་པ་ཡོད་པའི”བདེ་སྐྱིད་ཀྱི་རང་མདངས་ས་མཐོར་སྔར་བས་འཚེར་བར་བྱས་ཡོད།

    “ལོ་འགོར་བརྒྱབ་པའི་ས་ཡོམ་ལས་ས་ཕག་ཁང་པ་ཚང་མ་Dརིམ་པའི་ཉེན་ཡོད་ཁང་པར་གྱུར་བས་སེམས་ཁྲལ་ཆེན་པོ་བྱུང་། འོན་ཀྱང་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས‘རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཆ་འཕྲིན་མ་ལག’བརྒྱུད། ཟླ་བ་གསུམ་ཡང་མ་འགོར་བར་ཡོམ་འགོག་ཀ་བ་དང་དྲོད་སྲུང་བང་རིམ་ཡོད་པའི་ཁང་པ་གསར་པ་གཅིག་རྗེས་གཉིས་མཐུད་ངང་བརྒྱབ་སོང་། སྔོན་མ་ཆར་པ་བབས་ན་རྦད་དེ་སེམས་ཁྲལ་རེད། ད་ཆ་ཁང་པའི་ནང་དྲོ་པོ་ཡོད་པས་ཧ་ཅང་སྐྱིད་པོ་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་གི་ཡུལ་མི་ཕུར་བུས་བརྗོད།

    ཕུར་བུའི་མྱོང་བརྒྱུད་ནི་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྡོད་ཁང་སྒྱུར་བཀོད་བྱས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། རིག་ནུས་ལྟ་ཞིབ་ཚད་ལེན་མ་ལག་ལ་བརྟེན་པས། ལྗོངས་ཡོངས་ཀྱི་ཡོང་འབབ་དམའ་བའི་ཚོགས་པ་སོགས་གཙོ་གནད་ཁ་གཏད་རིགས་6ལ་སྟབས་བསྟུན་ལྟ་ཞིབ་ཚད་ལེན་100%མངོན་འགྱུར་བྱུང་བ་དང་། “ཉེན་ཡོད་ཁང་པ་ཡོད་པ་ཤེས་ཕྱིན་སྒྱུར་བཀོད་བྱེད་པའི”ལམ་སྲོལ་ལ་བརྟེན་ནས“མི་ཉེན་ཡོད་ཁང་པར་མི་སྡོད་པ་དང་། ཉེན་ཡོད་ཁང་པར་མི་མི་སྡོད་པའི”དམ་བཅའ་དེ་དོན་དངོས་སུ་འགྱུར་བར་བྱས་ཡོད། 2025ལོ་ཁོ་ནར་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་3.78ཀྱིས་CདངDརིམ་པའི་ཉེན་ཡོད་ཁང་པ་6290སྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་སྟེ། དིང་རིའི་ས་ཡོམ་ཁྲོད་གཏོར་སྐྱོན་ཕོག་པའི་ཞིང་པའི་སྡོད་ཁང་11128སླར་གསོ་བསྐྱར་སྐྲུན་བྱས་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་53.8བཏང་སྟེ། སྤྱི་པའི་བོགས་གཏོང་ཁང་པ་10096དང་། འགན་སྲུང་རང་བཞིན་གྱི་བོགས་གཏོང་ཁང་པ་1775 ལས་བྱེད་ལས་བཟོའི་ལས་ཤག་11095 སྡོད་ཁང་སྐྱོ་ཁུལ་28676སྒྱུར་བཀོད་བཅས་ལག་བསྟར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་གི་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཁྲི་4.87ལ་བོགས་གཏོང་ཁ་གསབ་སྒོར་དུང་ཕྱུར་1ལྷག་ཙམ་སྤྲད་པ་རེད། བྱེད་པོ་མང་པོས་མཁོ་སྤྲོད་དང་། ཐབས་ལམ་མང་པོས་འགན་སྲུང་། གླ་ཉོ་མཉམ་སྤེལ་བཅས་ཀྱི་སྡོད་ཁང་འགན་སྲུང་ལམ་ལུགས་བཙུགས་པ་དང་། སྤྱི་པའི་བོགས་གཏོང་ཁང་པ་དང་། འགན་སྲུང་རང་བཞིན་གྱི་བོགས་གཏོང་ཁང་པ། ལས་ཤག་བཅས་གཙོ་བོར་བཟུང་ནས་སྡོད་ཁང་སྐྱོ་ཁུལ་དང་། ཁུལ་ཆུང་རྙིང་པ། གྲོང་ནང་གྲོང་ཚོ་བཅས་སྒྱུར་བཀོད་ལ་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས) ཤང་དང་གྲོང་རྡལ་བཅས་ཚང་མར་ཁྱབ་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་འགན་སྲུང་མ་ལག་རགས་ཙམ་བཙུགས་ཡོད། སྤྱི་པའི་བོགས་གཏོང་ཁང་པའི་དངོས་རྫས་བོགས་གཏོང་དང་བོགས་གཏོང་ཁ་གསབ་མཉམ་སྤེལ་བྱ་ཐབས་བརྒྱུད། མ་མཐའི་འཚོ་བ་འགན་ལེན་དང་མ་མཐའི་འཚོ་བ་འགན་ལེན་མཐར་ལུས་སོགས་ཡོང་འབབ་དམའ་བའི་ཚོགས་སྤྱིར་འགན་སྲུང་བྱེད་དགོས་རིགས་ཚང་མ་སྤྱིར་ན་འགན་སྲུང་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་འབྲིང་དམའི་སྡོད་ཁང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ལུགས་མཐུན་གྱི་རེས་སྒུག་དུས་ཡུན་ནང་འགན་སྲུང་ཐུབ་པ། ཁོར་ཡུག་གཙང་སྦྲ་བ་དང་སྤྱི་སྤྱོད་རླངས་འཁོར་ཁ་ལོ་བ་སོགས་སྡོད་ཁང་གི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཙོ་གནད་ཐོག་འགན་སྲུང་བྱས་པ། གསར་དུ་ལས་ཞུགས་ཐུབ་པའི་ཁང་པ་མེད་པའི་ལས་བཟོ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བརྟན་པོ་བྱས་པའི་ཕྱི་ནས་ཡོང་བའི་གླ་པ། ཐེམ་ཐོ་གྲོང་ཁྱེར་དུ་བསྒྱུར་བའི་ཁྱིམ་ཚང་བཅས་འགན་སྲུང་ཁྱབ་ཁོངས་ནང་བཅུག་པ་བཅས་ལས་གྲོང་མི་གསར་པ་དང་གཞོན་ནུ་ཚོའི་སྡོད་ཁང་གི་དཀའ་ངལ་རིམ་བཞིན་ཐག་གཅོད་ཐུབ་པ་དང་། ལས་བྱེད་ལས་བཟོའི་ལས་ཤག་མཁོ་སྤྲོད་ཀྱི་འགལ་ཟླ་ཞི་ལྷོད་དུ་ཤུགས་ཆེན་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཡོད།

    དམངས་འཚོ་ནི་དམངས་སེམས་དང་འབྲེལ་ཡོད་ལ། དམངས་སེམས་ཀྱིས་དམངས་ཤུགས་གཅིག་ཏུ་བསྒྲིལ་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རང་ལྗོངས་ཀྱིས་མུ་མཐུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི་ཁ་ཕྱོགས་བརྒྱུད། གདེང་ཚོད་བརྟན་པོ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གྱིས་ལས་དོན་ཁག་ཏན་ཏིག་ཡག་པོ་བསྒྲུབས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་རྒྱུན་ཆད་མེད་པར་སྤོས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།