དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས“ལམ་སྲོལ་གསུམ”འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་གྱི་ཆུ་ཚད་མཐོ་རུ་རྒྱུན་མཐུད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-21

    གྲོང་གསེབ་ལ་ཆུ་མཁོ་འདོན་བྱ་རྒྱུ་དེ་ཕྱོགས་གཅིག་ནས་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་ལ། ཕྱོགས་གཞན་ཞིག་ནས་གྲོང་གསེབ་དར་རྒྱས་དང་ཡང་འབྲེལ་བ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་སྐྱོང་ལྗོངས་ཆུ་བེད་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་དོན་དངོས་ལ་གཞི་ཚུགས་ནས“ཞིང་འབྲོག་མང་ཚོགས་ལ་བདེ་འཇགས་ལྡན་པའི་ཆུ་དང་བློས་འགེལ་ཆོག་པའི་ཆུ་འཐུང་རྒྱུ་ཡོད་པའི”དམིགས་ཚད་གཏན་འཁེལ་བྱས་ཏེ“གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྫོང་ཁོངས་ཀྱི་སྤྱི་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགུལ་རྣམ་ལྟ་ཞིབ་ཚད་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པ་བརྒྱུད། གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ཆུ་ཚད་མཐོ་རུ་རྒྱུན་མཐུད་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བས་མང་ཚོགས་ཀྱི་འཐུང་ཆུ་ལེན་བདེ་རུ་དེ་བས་ཕྱིན་ཞིང་། རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དང་། གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་ཁྱོན་ཅན་གྱི་འཕེལ་རྒྱས། ལས་གྲྭ་ཆུང་གྲས་ཚད་ལྡན་ཅན་གྱི་སྒྱུར་བཀོད་བཅས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་འཚམ་པའི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་སྲུང་མ་ལག་ཧུར་ཐག་བཏོད་པར། རིམ་རྩིས་བརྒྱབ་ན་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་49.58དོན་འཁྱོལ་བྱས་པ་དང་། ཆུ་མཁོ་འདོན་གྱི་ལས་གྲྭ་4002ལག་བསྟར་བྱས་པ། གྲོང་གསེབ་ཀྱི་མི་འབོར་ཁྲི་128ཀྱི་ཆུ་མཁོ་འདོན་འགན་སྲུང་གི་ཆུ་ཚད་སྲ་བརྟན་དང་རིམ་སྤོར་བྱུང་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི“མི་ཁྲི་18ཡོད་པའི་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་དང་རིམ་སྤོར་ལས་གྲྭ་ལག་བསྟར་བྱས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་དུས་ཚིགས་རང་བཞིན་གྱི་ཆུ་ཆད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པའི”ལས་འགན་ལེགས་གྲུབ་བྱ་ཆེད། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་7.86བཏང་བ་དང་ཞིང་འབྲོག་པ་ཁྲི་26.71ལ་ཕན་པ་ཐོབ་ཡོད།

    རྫོང་ཁོངས་སྤྱི་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཐུང་ཆུ་སྔར་བས་བརྟན་པོ་ཡོང་བར་བྱས་ཤིང་། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ“བསྐྲུན་ཐུབ་པ་དང་། དོ་དམ་ཡག་པོ། ཡུན་རིང་ཕན་འདོགས་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་དོ་དམ་བྱ་ཐབས》བཀྲམ་ནས། ཆུ་སྤུས་འགན་ལེན་དང་ཆུ་རིན་བསྡུ་བར་ཤུགས་སྣོན་བརྒྱབ་པས་འཁོར་སྐྱོད་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་ཡོད། 《ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་རྫོང་ཁོངས་སྤྱི་འདོམས་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭ་ཁྲོམ་ར་ཅན་གྱི་འཁོར་སྐྱོད་དང་ཆེད་ལས་ཅན་གྱི་དོ་དམ་གྱི་འཁོར་སྐྱོད་ལམ་སྲོལ་ཧུར་ཐག་ཁྱབ་གདལ་བཏང་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)74ལ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་རྫོང་ཁོངས་སྤྱི་འདོམས་ལམ་སྲོལ་རགས་ཙམ་ཆགས་ཡོད།

    འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཐུང་ཆུ་དེ་བས་བདེ་འཇགས་ཡོང་བར་བྱས་ཤིང་། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གདེང་འཇོག་ཚད་གཞི》དེ་མཐའ་ཚད་ཀྱི་ཚད་གཞིར་བཟུང་ནས་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལྷུ་ཚིགས། གཙོ་གནད་བྱེད་པོ་བཅས་ལ་དམ་པོར་དམིགས་པ་དང་། རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས《ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་འགུལ་རྣམ་ལྟ་ཞིབ་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས“གྲོང་ཚོ་རིམ་པའི་ཆུ་དོ་དམ་པས་གནད་དོན་ཤེས་རྟོགས་དང་། གྲོང་ཚོ་ཨུ་ལྷན་གྱིས་གནད་དོན་སྙན་སེང་། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཆུའི་སྲིད་འཛིན་སྡེ་ཚན་གྱིས་གནད་དོན་ཐག་གཅོད”བཅས་རིམ་གསུམ་མཉམ་འགུལ་གྱི་འཐུང་ཆུའི་བདེ་འཇགས་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་དང་ལེན་ལམ་སྲོལ་བཙུགས་ཏེ། གནད་དོན“ཤེས་རྟོགས་དང་། སྙན་སེང་། ཐག་གཅོད། ལན་སྤྲོད”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་དོ་དམ་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།