ག་བཏང་གོ་ཆོད་ཀྱི་སློབ་སྤྱི་བྱམས་པ་ཚེ་རིང་།
“ང་རང་ཆུང་དུས་ནས་དགེ་རྒན་ལ་དད་གུས་ཆེན་པོ་ཡོད། བྱས་ཙང་ངའི་ཕུགས་འདུན་ཡང་དགེ་རྒན་ཞིག་བྱེད་འདོད་པ་དེ་ཡིན” 2000ལོར་བྱམས་པ་ཚེ་རིང་དེ་སྔའི་ལྷ་ས་གྲོང་ཁྱེར་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་དུ་དགེ་རྒན་ཞིག་བྱས། ད་ཆ་ཁོང་ནི་ས་དགའ་རྫོང་འཕྲང་སྒོ་ཤང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་རེད། ལོ་25ཡི་རིང་ཁོང་ནི་ནམ་ཡང་ནུབ་པ་མེད་པའི་སྒྲོན་མེ་ཞིག་དང་འདྲ་བར་འབྲོག་ཁུལ་གྱི་ཕྲུ་གུ་གྲངས་མེད་ཀྱི་སློབ་གཉེར་ལམ་བུའི་མུན་པ་བསལ་ཡོད།
2001ལོར་འཕྲང་སྒོ་ཤང་དུ་ཐོག་མར་སླེབས་སྐབས་དགེ་རྒན་3དང་སློབ་མ་20ལྷག་ཙམ་ལས་མེད་པ་དང་། སློབ་ཁང་ནི་ས་ཕག་ཁང་པ་ཡིན་པའི་ཁར་ལྕགས་ཐབ་བཏང་ནས་དྲོད་ཁུག་ཐབས་བྱེད་དགོས་པ་དང་། གློག་བཞུའི་ཚབ་ཏུ་སྣུམ་བཞུ་སྤོར་དགོས་པ། ནང་མི་དང་འབྲེལ་བ་བྱེད་སྐབས་འཕྲིན་ཡིག་བསྐུར་དགོས་པ་མ་ཟད། འགྲིམ་འགྲུལ་སྟབས་བདེ་མེད་རྐྱེན་རང་གི་ཕ་ཡུལ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་ལོ་ལྟར་ཐེངས་གཅིག་ལས་ལོག་ཐུབ་ཀྱི་མེད། ཁོང་གིས་དེ་ལྟར་རྒྱུན་འཁྱོངས་བྱེད་དགོས་དོན་ནི“དགེ་རྒན་བཟང་པོ་ཞིག་བྱེད་འདོད་པའི”ཐོག་མའི་བསམ་འདུན་ལས་བྱུང་བ་ཡིན། “ས་ཆ་འདི་དང་འདི་གའི་ཕྲུ་གུ་ཚོའི་དབར་བརྩེ་བ་ཟབ་མོ་ཆགས་པས་དེ་ནས་བྲལ་འདོད་ཀྱི་བསམ་བློ་རྦད་དེ་མེད་པར་གྱུར་སོང”ཞེས་བྱམས་པ་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བཤད།
ཁོང་སེམས་ཁྲལ་ཆེ་ཤོས་ནི་སློབ་གྲྭ་ནས་འཐེན་པའི་ཕྲུ་གུ་དེ་དག་རེད། “སློབ་སྦྱོང་བྱེད་པ་ནི་དབུལ་ཕོངས་རི་གྲོང་གི་ཕྲུ་གུ་ཚོ་ཕྱིར་དོན་པའི་རེ་བ་གཅིག་པུ་དེ་རེད”དེ་ལྟ་བུའི་དད་སེམས་ཤིག་བཅངས་ནས་བྱམས་པ་ཚེ་རིང་གིས་འབྲོག་ཁུལ་དུ་ཐེངས་མང་བསྐྱོད་དེ་ཕྲུ་གུ་སློབ་གྲྭར་གཏོང་དགོས་པའི་ཁ་ཏ་བསླབ་བྱ་བྱས་མཐར། ཕྲུ་གུ་དེ་དག་སློབ་གྲྭར་སླེབས་ཡོད། ད་ཆ་འཕྲང་སྒོ་ཤང་ཆ་ཚང་སློབ་ཆུང་དུ་དགེ་རྒན་བྱེད་བཞིན་པའི་ཟླ་བ་སྲི་གཅོད་ཀྱིས་རྟག་ཏུ“ཁྱེད་ཀྱིས་རྒྱུན་འཁྱོངས་དེ་ལྟར་མ་གནང་ན་ངའི་ད་ཆའི་དོན་སྙིང་ལྡན་པའི་མི་ཚེ་འདི་ཡོང་ཐབས་མེད”ཅེས་ཤོད་ཀྱི་ཡོད།
ད་ཆ་འཕྲང་སྒོ་ཤང་ཆ་ཚང་སློབ་ཆུང་གི་རྣམ་པ་གསར་རྐྱང་དུ་གྱུར་ཅིང་། སློབ་ཁྲིད་ཐོག་ཁང་དང་། སློབ་མའི་ཉལ་ཁང་། གཡབ་ཁང་བཅས་རྒྱ་ཆེ་ལ་དཀར་ཆ་དོད་པ་མ་ཟད། ཁ་བཀྲུ་ལག་བཤལ་བྱེད་ས་དང་གཅིག་སྡུད་དྲོད་གཏོང་སོགས་ཆེད་མངགས་བཟོས་ཡོད་པ་དང་། རིག་ལྡན་སློབ་ཁང་ནང་གི་དེང་རབས་ཅན་གྱི་སློབ་ཁྲིད་བྱ་ཐབས་ཀྱིས་སློབ་ཁྲིད་ལ་གསོན་ཤུགས་གསར་པ་བསྣན་ཡོད།
“གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་འདི་དག་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད”མཐའ་མཚམས་སློབ་ཆུང་དེའི་འཕོ་འགྱུར་ཆེན་པོ་བདེན་དཔང་བྱེད་མཁན་བྱམས་པ་ཚེ་རིང་གིས་སློབ་མ་ཚོར་ཆུང་དུས་ནས་རྒྱལ་གཅེས་ཀྱི་བསམ་བློ་འཛུགས་དགོས་པ་གསལ་པོ་ཤེས་ཀྱི་ཡོད་སྟབས། ཁོང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་སློབ་གྲྭའི་དམིགས་བསལ་ཁྱད་ཆོས་ལྡན་པའི་སློབ་ཚན་ཞིག་ཏུ་བཀོད་སྒྲིག་བྱས་ཏེ། གཟའ་འཁོར་རེའི་རེས་གཟའ་ཟླ་བར་དགེ་སློབ་ཚོས་རེས་མོས་ངང་རྒྱལ་དར་འོག་ཏུ་གཏམ་བཤད་སྤེལ་བ་དང་། རེས་གཟའ་པ་སངས་ལ་སློབ་མར་རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་སྟོན་པ་དང་། ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པ་གདན་དྲངས་ནས་དུས་བཀག་ལྟར་སློབ་གྲྭར་རྒྱལ་སྲུང་སློབ་གསོའི་སློབ་ཚན་ཁྲིད་པ། སློབ་མ་སྒྲིག་འཛུགས་བྱས་ནས་སྒར་ཁུལ་དུ་ལྟ་སྐོར་དང་ཉམས་ལེན་བྱེད་པ། མཉམ་འགོག་སྐོར་ཞིབ་རུ་ཁག་དང་མཉམ་དུ་མཐའ་མཚམས་ལ་སྐོར་ཞིབ་བྱེད་ཀྱི་ཡོད་པ་རེད། དེ་ལྟར་ཁོང་གིས“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཧུར་ཐག་བྱེད་པའི”འདུ་ཤེས་སློབ་མ་ཚང་མའི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།
སློབ་གྲྭར་ཆེད་ལས་ཀྱི་ཉམས་བཟོ་བྱེད་མཁན་མེད་རྐྱེན་བྱམས་པ་ཚེ་རིང་གིས་སློབ་སྤྱིའི་འགན་འཁུར་བ་ཕུད། ལས་ཞོར་ལ་ད་དུང་ཆུ་སྦུག་དང་གློག་ལམ་བཟོ་བ་སོགས་གློག་བཟོ་མཁན་ཞིག་བྱེད་པ་དང་། སྒྲོག་ཙེ་རྐུབ་སྟེགས་སོགས་ལ་སྐྱོན་ཤོར་ཚེ་ཁོང་གིས་ལམ་སེང་བཟོ་གི་ཡོད། དེས་ན་དགེ་རྒན་གཞན་དག་ཚོས་རྟག་ཏུ་ཁོང་ལ“སློབ་སྤྱི་བྱམས་པ་ལགས་ནི་ཀུན་ལ་མཁས་པ་ཞིག་རང་རེད། ཁོང་གིས་སྒྲུབ་མི་ཐུབ་པའི་བྱ་བ་གཅིག་ཀྱང་མི་འདུག”ཅེས་ཤོད་ཀྱི་ཡོད། ཡང་མི་ལ་ལས“སློབ་སྤྱི་ཞིག་ཡིན་པའི་ངོས་ནས་དོན་དག་ཆུང་ཙག་དེ་དག་ཀྱང་སྒྲུབ་དགོས་དོན་ཅི་ཡིན”ཞེས་བསམ་གྱི་ཡོད། དེར་ཁོང་གིས“སློབ་གྲྭའི་དོན་དག་ཡིན་ཕྱིན་གལ་ཆེ་ཆུང་མེད། སློབ་མ་ཚོས་སློབ་སྦྱོང་སྔར་ལས་ཡག་པ་བྱེད་ཐུབ་ན་ངས་གང་ཞིག་བྱེད་དགོས་ཀྱང་བྱེད་འདོད་ཡོད”ཅེས་བཤད།
གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁའ་ཞེས་པ་ལྟར། རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགེ་རྒན་དང་སྔོན་ཐོན་ཀུན་སྤྱོད་སློབ་གསོའི་ལས་དོན་པ་ཞིག་ནས“རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན”བར་དང་། དེ་ནས“རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ”བར་གྱི་གཟི་བརྗིད་དེ་དག་ནི་ཁོང་གི་སློབ་གསོའི་མི་ཚེར་གཟེངས་བསྟོད་བྱས་པ་ཞིག་རེད་ལ། “མི་དམངས་ཀྱི་དགེ་རྒན”ཞེས་པར་གསོན་ཉམས་དོད་ཤོས་ཀྱི་མཆན་འགྲེལ་བྱས་པ་ཞིག་དེ་བས་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།