ལོ་ལྟར་ཐེངས་གཅིག་ལ་སྤྲོད་རྒྱུ་ཡིན་པ།
བུ་གསོའི་ཁ་གསབ་ལམ་ལུགས་ཀྱི་དོ་དམ་ཚད་གཞི་གསར་པ་བཏོན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་དོན་ཐིང་དང་ནོར་སྲིད་པུའུ་གཞུང་དོན་ཐིང་གིས《བུ་གསོའི་ཁ་གསབ་ལམ་ལུགས་ཀྱི་དོ་དམ་ཚད་གཞི(ཚོད་ལྟའི་ལག་བསྟར)》བཀྲམ་པ་དང་། དེའི་དམིགས་ཡུལ་ནི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞབས་ཞུའི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་བུ་གསོའི་ཁ་གསབ་ལམ་ལུགས་ལག་ལེན་བདེ་བླག་བསྟར་བར་འགན་ལེན་བྱ་ཆེད་ཡིན་པ་དང་། ཚད་གཞི་དེ་བཏོན་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
ཚད་གཞི་ལྟར་ན། ཁ་གསབ་སྤྲོད་ཡུལ་ནི་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་ནས་བཙས་པའི་ཕྲུ་གུའམ་ཡང་ན་གསོ་ཉར་བྱས་པའི་ལོ་3མན་གྱི་ཕྲུ་གུ་ཡིན་པ་དང་། དེའི་ནང་དྭ་ཕྲུག་དང་གསོ་སྐྱོང་བྱེད་མཁན་དངོས་མེད་པའི་ཕྲུ་གུ་དམར་འབྱར་ཡང་འགན་སྲུང་ཁྱབ་ཁོངས་ནང་བཅུག་ཡོད། བུ་གསོའི་ཁ་གསབ་ལོ་རེར་བརྩིས་ནས་ལོ་ལྟར་སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ་དང་། 2025ལོའི་ཟླ་1ཚེས་1ཉིན་གྱི་སྔོན་ལ་སྐྱེས་པ་དང་ལོ་3མན་གྱི་ཕྲུ་གུར་ཁ་གསབ་ཟླ་གྲངས་ལྟར་ཕབ་རྩིས་བརྒྱབ་ནས་ཁ་གསབ་སྤྲོད་རྒྱུ་རེད།
ཚད་གཞིའི་ནང་བུ་གསོའི་ཁ་གསབ་ནི་ཕྲུ་གུ་དམར་འབྱར་གྱི་ཕ་མ་ཕྱོགས་གཅིག་གམ་ཡང་ན་ལྟ་སྐྱོང་བ(བྱིས་པའི་ཕན་བདེའི་སྒྲིག་གཞི་ཚུད་པ)གཞན་དག་གིས་རེ་ཞུ་བྱས་ནས་ལེན་དགོས་པ་ཁ་གསལ་བཏོན་ཡོད། རེ་ཞུ་བྱེད་མཁན་གྱིས་གཙོ་བོ་བུ་གསོའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་དྲ་ཐོག་ནས་རེ་ཞུ་བྱེད་ཆོག་ལ། ཕྲུ་གུ་དམར་འབྱར་གྱི་ཐེམ་ཐོ་གནས་ཡུལ་ཤང་དང་གྲོང་རྡལ་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)དུ་རེ་ཞུ་བྱེད་ཆོག རེ་ཞུ་བྱེད་མཁན་བྱིས་པའི་ཕན་བདེའི་སྒྲིག་གཞི་ཡིན་ན། སྒྲིག་གཞི་ཐོ་འགོད་བྱེད་སའི་ཤང་དང་གྲོང་རྡལ་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)དུ་རེ་ཞུ་བྱེད་དགོས། རེ་ཞུ་བྱེད་མཁན་གྱིས་ཕྲུ་གུ་དམར་འབྱར་དང་དེ་བཞིན་རེ་ཞུ་བྱེད་མཁན་གྱི་འབྲེལ་ཡོད་ཆ་འཕྲིན་འབྲི་དགོས་པ་དང་། ཕྲུ་གུ་སྐྱེས་པའི་གསོ་རིག་དཔང་ཡིག་དང་གྲོང་མིའི་ཐེམ་ཐོ་སོགས་རྨང་གཞིའི་དཔྱད་གཞི་འདོན་སྤྲོད་བྱེད་དགོས་པ་མ་ཟད། དགོས་མཁོར་གཞིགས་ནས་རེ་ཞུ་བྱེད་མཁན་དང་ཕྲུ་གུ་དམར་འབྱར་དབར་གྱི་གསོ་སྐྱོང་འབྲེལ་བ་ཐག་གཅོད་པར་ཕན་པའི་ཁྲིམས་བཀོད་དཔྱད་གཞི་ནུས་ལྡན་འདོན་སྤྲོད་བྱེད་དགོས།
མ་དངུལ་གཏོང་སྤྲོད་ཐད། བུ་གསོའི་ཁ་གསབ་སྤྲོད་ཐབས་ནི་རེ་ཞུ་བྱེད་མཁན་ནམ་ཡང་ན་ཕྲུ་གུ་དམར་འབྱར་གྱི་དངུལ་ཁང་གཱའམ་ཡང་ན་དངུལ་རྩའི་རྩིས་ཁྲ་གཞན་ཡིན། དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གྱི་གཱ་གཅིག་ཀུན་འཐུས་སམ་ཡང་ན་ཕྲུ་གུ་དམར་འབྱར་གྱི་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་ནས་སྤྲོད་རྒྱུར་སྐུལ་མ་གཏོང་དགོས། རེ་ཞུ་བྱེད་མཁན་བྱིས་པའི་ཕན་བདེའི་སྒྲིག་གཞི་ཡིན་ཚེ། སྤྲོད་ཐབས་ནི་བྱིས་པའི་ཕན་བདེའི་སྒྲིག་གཞིའི་སྤྱི་པའི་རྩིས་ཁྲ་ཡིན་དགོས། ཞིང་ཆེན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བུ་གསོའི་ཁ་གསབ་ཀྱི་ཞིབ་ཕྲའི་གཏོང་སྤྲོད་དུས་ཚོད་གཏན་འཁེལ་བྱས་ཏེ་རྩ་དོན་ཐོག་དུས་ཚིགས་རེར་ཉུང་མཐར་ཡང་གཅིག་སྡུད་ཐོག་ཁག་གཅིག་སྤྲད་དེ་ཁ་གསབ་དངུལ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་རྒྱུའི་འགན་ལེན་བྱེད་དགོས།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་མི་འབོར་ཁྱིམ་ཚང་སིའི་འབྲེལ་ཡོད་འགན་འཁུར་བས་བུ་གསོའི་ཁ་གསབ་ལམ་ལུགས་ལག་ལེན་བསྟར་བར་ཁྲིམས་དང་སྒྲིག་སྲོལ་ལྟར་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་དགོས་པ་དང་། རིམ་ཁག་འཕྲོད་བསྟེན་བདེ་ཐང་སྡེ་ཚན་དང་ནོར་སྲིད་སྡེ་ཚན་གྱིས་མ་དངུལ་ལྟ་སྐུལ་ཞིབ་བཤེར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ལས་ཚབ་གཏོང་སྤྲོད་སྒྲིག་གཞི་དང་ལས་དོན་མི་སྣར་དོ་དམ་བླང་བྱ་ཁ་གསལ་འདོན་དགོས། ཁ་གསབ་མ་དངུལ་གཡོ་ལེན་དང་རྫུན་ལེན་བྱེད་མཁན་ནས་མ་དངུལ་ཚུར་ལེན་པ་དང་འབྲེལ་ཡོད་འགན་འཁྲི་བདའ་འདེད་ཀྱང་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།