དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལས་དོན་ཧུར་ཐག་སྒྲུབ་དགོས་ལ་ཚན་རིག་དང་མཐུན་པ་དེ་བས་ཀྱང་སྒྲུབ་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཞུས་ཡུས་ཡའོ།   |     སྤེལ་དུས།  2025-09-20

    མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དུ་ཆགས་པའི་བོད་ལྗོངས་མེ་ཏོག་རྫོང་ལ་དུས་ཡུན་རིང་པོ་གཞུང་ལམ་ཤར་གཏོང་མ་ཐུབ་པས“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་འབོད་ཀྱི་ཡོད། དུས་མཚམས་མི་འདྲ་བ་གཉིས་ལས་འདི་གའི་འགྱུར་ལྡོག་ཆེན་པོ་མངོན་གྱི་ཡོད་དེ།

    2013ལོར། ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པས་མེ་ཏོག་རྫོང་གི“རྒྱལ་ཡོངས་ནས་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་གཅིག་པུའི”ཞྭ་མོ་དེ་ཕུད་པ་རེད། དེ་ཐོག་ནས་ས་གནས་དེ་གའི་ཟོག་འགྲེམས་དབོར་འདྲེན་དེ་བས་སྟབས་བདེ་དང་ཤར་གཏོང་ཐུབ་པ་མཚོན་ཞིང་། དེ་སྔོན་མང་ཚོགས་ཀྱིས་དྲ་ཐོག་ནས་ཅ་དངོས་ཉོ་སྐབས། བསྐུར་མོ་ཁྱིམ་དུ་འབྱོར་བར་ཟླ་ཕྱེད་དང་ཐ་ན་དུས་ཚོད་དེ་ལས་རིང་བ་འགོར་གྱི་ཡོད། ད་ལྟ་ཉིན་ཁ་ཤས་ནང་འབྱོར་གྱི་ཡོད། དྲ་ཐོག་ཚོང་དོན་ཉིན་རེ་བཞིན་འཚོ་བ་དང་མཉམ་འདྲེས་ཐུབ་ནས་ཞིང་འབྲོག་པ་དེ་བས་མང་བའི་འཛད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་མ་ཟད། ཁོང་ཚོའི་སྐྱིད་སྣང་ཡང་ཆེ་རུ་ཕྱིན་ཡོད།

    2025ལོར། འབྲེལ་ཡོད་ཁེ་ལས་ཀྱིས་ཟོག་འགྲེམས་ཀུང་སི་དང་མཉམ་དུ་མེ་ཏོག་རྫོང་དུ་ཞིང་ཞོར་ཐོན་རྫས་སྐྱེལ་འདྲེན་དང་། ནགས་ཚལ་རང་འགུལ་སྐོར་སྲུང་སོགས་དམའ་དབྱིངས་བཀོལ་སྤྱོད་ཀྱི་རྣམ་པ་མང་པོའི་ཚོད་འཕུར་དང་ཚོད་ལྟ་བྱས། དེ་ཐོག་ནས“ས་མཐོའི་ཁེར་ཆགས་གླིང་ཕྲན”དེ་བས་སྒོ་དབྱེ་ཐུབ་ནས་མི་མེད་གནམ་གྲུ་སོགས་ལག་རྩལ་གསར་པ་དང་དམའ་དབྱིངས་དཔལ་འབྱོར་སོགས་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་བཞིན་དར་ནས་འཕེལ་རྒྱས་ཀྱི་བར་མཐོངས་དེ་བསྟུན་གྱི་རྒྱ་ཆེར་ཕྱིན་པ་མཚོན་གྱི་ཡོད།

    གངས་ལྗོངས་ས་མཐོའི་ཆ་རྐྱེན་དཀའ་ཚེགས་ཆེ་ཡང་རྣམ་པ་གསར་པ་རྒྱུན་མཐུད་ཐོན་པ་ནི“ལས་དོན་ཧུར་ཐག་སྒྲུབ་དགོས་ལ། ཚན་རིག་དང་མཐུན་པ་དེ་བས་ཀྱང་སྒྲུབ་དགོས་པ”དང་ཁ་འབྲལ་ཐབས་མེད།

    ལས་དོན་ཧུར་ཐག་སྒྲུབ་པ་དེ་རྨོངས་ཚོད་ཀྱིས་སྒྲུབ་པ་ཞིག་མ་ཡིན་པར། ཚན་རིག་དང་མཐུན་པའི་འདུ་ཤེས་དེ་བས་མཐའ་འཁྱོངས་བྱེད་དགོས་ཤིང་། ཆ་སྙོམས་ས་བབ་སྨི་4800ཙམ་ཟིན་པའི་གྲོང་ཚོར་གྲང་ངར་ཆེ་བ་དང་འཁྱགས་ས་སོགས་རང་བྱུང་ཆ་རྐྱེན་ཞན་པོ་ཡོད་པས་ཆུ་མདོང་བཟོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། མང་ཚོགས་ལ་བདེ་འཇགས་ངང་ཆུ་སྤྱོད་རྒྱུ་ཡོང་བར་འགན་ལེན་ཇི་ལྟར་བྱས་ཡོད་དམ་ཞེ་ན། ལག་རྩལ་བཀོལ་སྤྱོད་ལ་བརྟེན་ནས་ཉི་ནུས་སྲུང་སྐྱོང་མ་ལག་དང་། གྲངས་གཞི་ཆེན་པོའི་དོ་དམ་མ་ལག ཆུ་འཐེན་འཕྲུལ་འཁོར་གསར་པའི་ཆུ་ལེན་མ་ལག་སོགས་ཀྱི་ལག་རྩལ་སྤྱད་དེ་ཆུ་ལེན་བདེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྤྱི་འདོམས་ལ་བརྟེན་ནས་འཐུང་ཆུའི་དོ་དམ་ལམ་སྲོལ་ལེགས་སྒྲིག་དང་། ཆེད་ལས་སྲུང་སྐྱོང་ཀུང་སི་གདན་ཞུས་བཀོལ་སྤྱོད། ཕྱོགས་མང་མཉམ་སྐྱོང་གི་དོ་དམ་སྲུང་སྐྱོང་འདུ་ཤེས་སྤྱོད་པ་བཅས་བྱས་ནས་དོ་དམ་གྱི་མ་གནས་དམའ་རུ་བཏང་ཡོད། འབྲོག་པ་སངས་རྒྱས་བཀྲ་ཤིས་ཀྱིས་ཆུ་སྒོ་ཕྱེ་ནས་དྭངས་གཙང་གི་ཆུ་ལྷུང་ལྷུང་དུ་དོན་པར་ལྟ་བ་ལས་བློ་བདེ་པོ་དང་བདེ་སྐྱིད་ལྡན་པའི་ངང་ཚུལ་རང་ཤུགས་སུ་མངོན།

    ལས་དོན་ཧུར་ཐག་སྒྲུབ་པ་ནི་རྣམ་འགྱུར་ཞིག་ཡིན་པ་དང་། ཚན་རིག་དང་མཐུན་པའི་ལས་དོན་སྒྲུབ་པ་ནི་ཐབས་ཤེས་ཤིག་ཡིན་ཞིང་། འདི་ལས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་མཚོན་པ་མ་ཟད། ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་དགོས་ངེས་རེད། སྐྱེ་ཁམས་མ་ལག་ཡུག་ཅིག་ལ་སྲུང་སྐྱོང་ཡག་པོ་བྱེད་པར་རྒྱུན་མཐུད་ལས་དོན་ཏན་ཏིག་སྒྲུབ་དགོས་ལ། ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་ལུགས་མཐུན་འཆར་འགོད་དང་ཡང་ཁ་འབྲལ་ཐབས་མེད། ཐོན་ལས་ཀྱི་མ་ལག་ཅིག་ཡག་པོ་སྐྲུན་པར་ཐོན་སྐྱེད་ཧུར་ཐག་བྱེད་དགོས་པ་མ་ཟད། ཁྲོམ་རའི་དགོས་མཁོར་དབྱེ་ཞིབ་བྱ་རྒྱུར་ཡང་མཐོང་ཆེན་བྱས་ནས་ཁྲོམ་རའི་ངེས་གནས་ཡག་པོ་འཚོལ་དགོས། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པར་བྱ་བ་རེ་རེ་བཞིན་ལ་དམ་འཛིན་བྱས་ནས་སྒྲུབ་དགོས་པ་མ་ཟད། གནད་དོན་ལ་དམིགས་པ་དང་ཕྱོགས་བསྡུས་མཐའ་དཔྱོད་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་་ལས་དོན་སྤེལ་དགོས། ལས་སྒྲུབ་ལས་གཏོད་ཀྱི་ངར་ཤུགས་ཡོད་དགོས་ལ། ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་བསམ་གཞིག་ཀྱང་ཡོད་དགོས། དེ་ལྟར་བྱས་ན་གཞི་ནས་བྱ་བ་བདེ་བླག་དང་། ཏན་ཏིག ཡག་པོ་བཅས་སྒྲུབ་ཐུབ།

    ནམ་མཁའ་དབྲལ་བའི་ངར་ཤུགས་དང་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གཉིས་ཀ་ཡོད་དགོས་པ་དང་། ལས་སྒྲུབ་ལས་གཏོད་བྱེད་པར་དེ་གཉིས་ཟུང་འབྲེལ་བྱེད་དགོས་ཤིང་། འདིས་ཏང་ཡོན་ལས་བྱེད་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བར་ཚོད་བགམ་ཐེབས་ཀྱི་ཡོད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ས་ཡུལ་དངོས་སུ་མི་མང་པོ་ཞིག་གིས“སྔོ་ལྗང་ཅན་གྱི་ཡུལ་ལྗོངས་འདི་ལྷ་སའི་ཡུལ་མི་སྤུན་ཟླ་དང་ང་ཚོའི་མི་རབས་རྗེས་མར་འཇོག་གི་ཡིན”ཞེས་ཤོད་ཀྱི་ཡོད། བབ་ཆགས་པའི་སྐད་ཆ་དེའི་ནང་འགན་འཁྲིས་ཁེངས་ཡོད་ལ་ཐོག་མའི་བསམ་འདུན་ཡང་མངོན་གྱི་ཡོད། དེ་ལས་ང་ཚོར་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ན། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྐྱིད་སེམས་སུ་འཇོག་པའི་བརྩེ་བ་དང་། ཕུཌ་ལ་དམིགས་པ་དང་སྙིང་རུས་གཏན་འཁྱོངས་བྱེད་པའི་སེམས་ཤུགས་བརྟན་པོ་ངེས་པར་དུ་ཡོད་དགོས་པ་དེ་བས་གསལ་པོར་བསྟན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་དོན་སྒྲུབ་པའི་སྤྲོ་སེམས་དང་ཚན་རིག་དང་མཐུན་པའི་སྙིང་སྟོབས་ཟུང་འབྲེལ་བྱས་ཏེ། སྒྱུར་བཅོས་ཀྱི་བྱ་ཐབས་ཁག་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་། ལས་ཀའི་དགོས་མཁོ། མང་ཚོགས་ཀྱི་ཁེ་ཕན་བཅས་དང་མཐུན་པར་བྱེད་དགོས”ཞེས་གསུངས་ཡོད། ལས་དོན་ཧུར་ཐག་སྒྲུབ་པ་དང་ཚན་རིག་དང་མཐུན་པ་སྒྲུབ་པའི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱས་ཏེ། བྱ་བ་སྒྲུབ་བསམ་པ་དང་བྱ་བ་སྒྲུབ་ཕོད་པའི་མི་དེ་བས་མང་བར་སྐུལ་སློང་དང་སྐུལ་ཁྲིད་བྱས་ནས། བྱ་བ་སྒྲུབ་ཐུབ་པ་དང་ཡག་པོ་སྒྲུབ་ཐུབ་པར་བྱས་ཏེ། ལས་དོན་ཚང་མ་ཏན་ཏིག་སྒྲུབ་པ་དང་གྲུབ་འབྲས་དངོས་ཐོན་པར་བྱས་ཚེ། གངས་ལྗོངས་ས་མཐོར་དེ་བས་མཛེས་སྡུག་བརྗིད་ཆགས་ལྡན་པའི་རྣམ་པ་མངོན་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།