དམངས་གཉེར་ཁེ་ལས་ཀྱིས་ས་མཐོའི་སྒུལ་ནུས་གསར་པ་འཕེལ་བར་བྱེད།
—— རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཧྲུའུ་ཅི་མོའུ་ཡུང་ཝུན་ལ་བཅར་འདྲི་ཞུས་པ།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་ལས། རང་ལྗོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་གྱི་སེམས་ཤུགས་རབ་ཏུ་འཕེལ་བ་དང་རྒྱ་ཆེའི་ཁེ་ལས་ཀྱིས་བོད་དུ་རྩ་བ་ཚུགས་པ་དང་བོད་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད”ཅེས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཧྲུའུ་ཅི་མོའུ་ཡུང་ཝུན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་ཅིང་། ཁོང་གིས། ལྗོངས་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ངོ་མར་བསྒྱུར་བ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམངས་གཉེར་ཁེ་ལས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།
དྲི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས”དང“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་ནན་བཤད་གནང་ཡོད། རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་རྣམ་བཤད་གལ་ཆེན་དེ་དག་ལ་དོན་སྙིང་གལ་ཆེན་གང་ཡོད་དམ།
ལན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ང་ཚོས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཐབས་ལམ་གཏན་འཁེལ་བྱས་ཤིང་། སྙིང་དོན་གཙོ་བོ་ནི་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་པ་དང་། དམིགས་ས་དང་ཤུགས་རྒྱག་ས་ནི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་རེད། འདི་ནི་དཔལ་འབྱོར་གྱི་བརྗོད་གཞི་ཞིག་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་སྲ་བརྟན་བཅས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་བརྗོད་གཞི་ཞིག་ཀྱང་རེད། 2025ལོའི་ཟླ་བ་བརྒྱད་པའི་ཟླ་མཇུག་བར། བོད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་གཉེར་སྐྱོང་བྱེད་པོ་ཁྲི་59.4ཟིན་ནས་དུས་མཚུངས་ལས་11.45%འཕར་བ་དང་། ལྗོངས་ཡོངས་སུ་ལས་ཞུགས་དང་ཁྲལ་འབབ་80%ཡན་ལེགས་སྐྱེས་ཕུལ་ནས་མིང་དོན་མཚུངས་པའི་དཔལ་འབྱོར་གྱི་“གྲུ་རྡོ”དང་། གསར་གཏོད་ཀྱི“སྟོབས་ཤུགས་གསར་པ” ལས་ཞུགས་ཀྱི“ཐབས་ལམ་གཙོ་བོ” ཡོང་འབབ་ཀྱི“རྒྱུག་ཆུའི་ཆུ་འགོ”བཅས་སུ་གྱུར་ཡོད། རྒྱང་ལམ་གསར་པར་དམངས་གཉེར་དཔལ་འབྱོར་ལ་མདུན་ལམ་ཆེན་པོ་ཡོད་ལ་འབྱུང་འགྱུར་ལའང་རེ་བས་ཁེངས་ཡོད། དེ་དང་དུས་མཚུངས་ང་ཚོས་ཀྱང་འགན་འཁྲི་གཟི་བརྗིད་ལྡན་པ་དང་ལས་འགན་གལ་ཆེན་པོ་ཡིན་པ་ཟབ་མོ་ཚོར་གྱི་འདུག
དྲི་བ། རང་ལྗོངས་ཀྱིས་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་དམངས་གཉེར་དཔལ་འབྱོར་བརྟན་པོ་ཡོང་བར་ཁྲིད་སྟོན་ཇི་ལྟར་བྱེད་དགོས་སམ།
ལན། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་འཇོན་ནུས། མང་ཚོགས་ཀྱི་རེ་སྒུག འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ལ་གཞི་ཚུགས་ནས་རགས་ལས་ཀྱི་ལམ་རྙིང་པར་མཐའ་གཅིག་ཏུ་མི་འགྲོ་བར“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་ཏེ་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་དམངས་གཉེར་ཁེ་ལས་ལ་ས་མཐོའི་ཁྱད་ལྡན་ཐོན་ལས་སྔོག་འདོན་གཏིང་ཟབ་བྱས་ཏེ་ལྗང་མདོག་ཅན་དང་། ལེགས་བསྡུས་ཞིབ་གཉེར་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་པར་བསྐྱོད་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་དམངས་གཉེར་ཁེ་ལས་ཀྱི་ཚད་ཤིང་ཁག་གཅིག་དངོས་སུ་གཏོད་པར་ཁྲིད་སྟོན་བྱེད་དགོས།
དྲི་བ། ཁེ་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད“མགོ་ན་དགོས་པའི་དོན་དག”འཕྲད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་ཡིན་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལ་ཁེ་ལས་ཀྱི་དཀའ་ངལ་སེལ་ཐབས་གང་དག་ཡོད་དམ།
ལན། ཁེ་ལས་ཀྱི“དཀའ་གནད”ནི་ང་ཚོའི“ཤུགས་རྒྱག་ས”ཡིན། དང་ཐོག“དངུལ་ཁུག”གི་དཀའ་གནད་སེལ་དགོས་པ་སྟེ། དངུལ་རྩའི་སྒྲིག་གཞི་དང་མཉམ་ལས་ཟབ་ཏུ་བཏང་ནས“དངུལ་ཁྲལ་མཉམ་འགུལ”དང“གཡར་བདེའི་ཡིད་རྟོན་དངུལ་བུན”སོགས་ཁྱབ་གདལ་གཏོང་བ་དང་ཡིད་རྟོན་རུང་བའི་ཁེ་ལས་ལ་དངུལ་བུན་དེ་བས་གཡར་བདེ་རུ་བཏང་སྟེ། མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མཐོ་བའི་དཀའ་ངལ་ཆུང་དུ་གཏོང་བ་དང་། གཉིས་ནས“ཤེས་ལྡན་པ་དཀོན་པའི”དཀའ་གནད་སེལ་དགོས་པ་སྟེ། “ཇོ་རིའི་ཤེས་ལྡན་པའི”འཆར་གཞིར་བརྟེན་ནས་སློབ་ཁེ་མཉམ་ལས་ཀྱི་ལས་སྟེགས་བཙུགས་ཏེ་ཁེ་ལས་ལ་འཕྲལ་མཁོའི་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱེད་པར་རོགས་རམ་དང་། གཉེར་སྐྱོང་དོ་དམ་གྱི་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་ཁེ་ལས་ཀྱི“འཇམ་ཤུགས”ཆེ་རུ་གཏོང་བ། མཇུག་ཏུ“ཁྲིམས་མཐུན་ཁེ་དབང”བརྟན་པོ་སྲུང་དགོས་པ་སྟེ། དམངས་གཉེར་ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་ཞུ་གཏུག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དུས་ཐོག་ཏུ་སྡེ་ཚན་དང་འབྲེལ་བ་བྱས་ནས་ཁེ་ལས་ཀྱི་གན་རྒྱའི་རྩོད་གཞི་དང་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་བཅས་རེད།
དྲི་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉམ་ཤུགས་སྔར་བས་གཅིག་སྒྲིལ་བྱས་ནས་དམངས་འཚོར་ཕན་པ་དེ་བས་ལེགས་པ་ཇི་ལྟར་འདོགས་དགོས་སམ།
ལན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་ཤུགས་གཅིག་སྒྲིལ་གྱི་འགག་རྩ་ནི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དམངས་ལ་དངོས་འབྲེལ་ཕན་འདོགས་པ་དེ་རེད། ང་ཚོས“དམངས་གཉེར་ཁེ་ལས་ནམ་ཡང་ཏང་གི་རྗེས་སུ་འབྲང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མཐུད་སྤེལ་ནས་ཁེ་ལས་མཁས་ཅན་ལ་ཡིད་ཆེས་བརྟན་དུ་གཏོང་བ་དང་ཏང་དང་བློ་ཁ་གཅིག་མཐུན་བྱེད་པར་ཁྲིད་སྟོན་བྱེད་ཀྱི་ཡིན། དེ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་ནས་དམངས་གཉེར་ཁེ་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཉམ་དུ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། དམངས་གཉེར་ཁེ་ལས་སྤྱི་ཕན་དགེ་སྒྲུབ་དང་། གནས་བརྟན་ལས་ཞུགས། རྩལ་ནུས་གསོ་སྦྱོང་བཅས་ལ་ཞུགས་རྒྱུར་སྐུལ་ལྕག་བཏང་སྟེ་དམངས་གཉེར་དཔལ་འབྱོར་དེ་འཕར་སྣོན་གྱི“སྒུལ་ཤུགས”ཤིག་ཏུ་འགྱུར་བ་མ་ཟད། མི་སེམས་གཅིག་སྒྲིལ་གྱི“འབྱར་ཚི”ཞིག་ཏུའང་འགྱུར་བར་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན།
འབྲེལ་ཡོད་གསར་འགྱུར།