དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུར་5Gརྒྱང་བསྟེན་འཕྲུལ་མིས་གོ་ལ་ཧྲིལ་པོའི་གཤགས་བཅོས་ཐོག་མ་བྱས་ནས་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-20

    ཉེ་ཆར། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་དུ། དམིགས་བསལ་གྱི་གཤགས་བཅོས་ཤིག་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་དང་། གཤགས་བཅོས་སྨན་པ་ནི་སྤྱི་ལེ་4000ཙམ་ཆོད་པའི་ཏ་ལེན་དུ་ཡོད་པ་རེད།

    ས་བབ་སྨི་4500ཡན་ཟིན་པའི་ས་ཆར་5Gརྒྱང་བསྟེན་འཕྲུལ་མིས་གཅིན་ལམ་མ་ལག་ནད་ཅན་ལ་བྱས་པའི་གོ་ལ་ཧྲིལ་པོའི་གཤགས་བཅོས་ཐོག་མ་འདི་ནི་ལེའོ་ཉིང་ཞིང་ཆེན་ཏ་ལེན་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པའི་ལིའུ་ཀྲི་ཡུས་ཚོགས་པས་ལེའོ་ཉིང་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་དང་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གཅིན་ལམ་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཝང་ཡན་ལུང་དང་མཉམ་དུ་ལེགས་སྒྲུབ་བྱས་ཤིང་། དེ་ཐོག་ནས་རང་རྒྱལ་གྱི་རྒྱང་བསྟེན་སྨན་བཅོས་ལག་རྩལ་ལ་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་གྱི་ཡོད།

    ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་སྨི་4500ལྷག་ཙམ་ཟིན་པ་དང་རླུང་གནོན་དམའ་ལ་གསོ་རླུང་དཀོན་པའི་ཁོར་ཡུག་ཏུ་རྒྱང་བསྟེན་འཕྲུལ་མིས་གཤགས་བཅོས་བྱ་རྒྱུ་དེ་གཤགས་བཅོས་སྒྲིག་ཆས་ཡག་ཉེས་དང་། 5Gདྲ་རྒྱའི་སྤུས་ཚད། དེ་བཞིན་སྨན་པ་དང་ནད་པའི་གཟུགས་གཞི་བཅས་ཚང་མའི་ངོས་ནས་བརྗོད་ན་ཚོད་བགམ་ཆེན་པོ་ཞིག་རེད།

    གཤགས་བཅོས་བདེ་བླག་ཡོང་ཆེད། ཏ་ལེན་དང་ནག་ཆུ་ས་གནས་གཉིས་ཀྱི་སྨན་ཁང་གིས་སྒྲིག་ཆས་དང་དྲ་རྒྱ་མཁོ་འདོན་ཚོང་པ་དང་མཉམ་འབྲེལ་བྱས་ནས། གཤགས་བཅོས་འཕྲུལ་མི་དང་5Gདྲ་རྒྱའི་སྒྲིག་ཆས་སྙོམས་སྒྲིག་ཐེངས་མང་བྱས་ཏེ་དེ་ཉིད་ཁོར་ཡུག་ཧ་ཅང་ཞན་པའི་འོག་བརྟན་པོ་སྤྱོད་ཐུབ་པར་བྱས་ཡོད། གཤགས་བཅོས་མ་བྱས་གོང་སྨན་བཅོས་ཚོགས་པས་ནད་པའི་ནད་གཞིར་དབྱེ་ཞིབ་གཏིང་ཟབ་བྱས་ནས་རང་སོའི་ཁྱད་ཆོས་ལྡན་པའི་གཤགས་བཅོས་ཇུས་གཞི་བཟོས་པ་མ་ཟད། གཤགས་བཅོས་ནང་སྦྱོང་ཡང་ཐེངས་མང་བྱས་པ་རེད།

    གཤགས་བཅོས་བརྒྱུད་རིམ་ནང་། ལིའུ་ཀྲི་ཡུས་ཀྱིས་ཏ་ལེན་གྱི་ཚོད་འཛིན་ལས་སྟེགས་ནས་5Gདྲ་རྒྱ་བརྒྱུད་དུས་ཐོག་ཏུ་བཀའ་བཀོད་བཏང་སྟེ་ཐག་རིང་ནག་ཆུར་ཡོད་པའི་གཤགས་བཅོས་འཕྲུལ་མི་བཀོལ་སྤྱོད་གནད་སྨིན་བྱས་པ་རེད། ཆུ་ཚོད་ཁ་ཤས་ཀྱི་རྗེས་ལ་གཤགས་བཅོས་ལེགས་གྲུབ་བྱུང་བ་རེད། ཝང་ཡན་ལུང་གིས“ད་ཐེངས་ཀྱི་གཤགས་བཅོས་ནི་ལག་རྩལ་གྱི་ཚད་བརྒལ་ཙམ་མ་ཟད། ས་མཐོའི་དམིགས་བསལ་ཁོར་ཡུག་ཏུ་5Gརྒྱང་བསྟེན་སྨན་བཅོས་བྱེད་པའི་དཔེ་སྟོན་གལ་ཆེན་ཞིག་དེ་བས་ཀྱང་ཡིན་པས། གོ་ལ་ཧྲིལ་པོའི་ས་བབ་མཐོ་བ་དང་ཐག་རིང་ལུང་ཁུག་ས་ཁུལ་གྱི་སྨན་བཅོས་ཐོན་ཁུངས་དོ་སྙོམས་མེད་པའི་སྣང་ཚུལ་ལེགས་སུ་གཏོང་ཆེད་ལག་བསྟར་ཇུས་གཞི་མཁོ་འདོན་བྱས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།