2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ལུས་སྦྱོང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་སེམས་མཐུན་སྤྱི་གླིང་དུ་2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ལུས་སྦྱོང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་དར་དམར་ཁྲོམ་གཞུང་སྡེ་ཁུལ་གྱི་ལུས་རྩལ་འགྲན་བསྡུར་གཉེར་བ་རེད།
བྱེད་སྒོ་སྤེལ་བའི་ཉིན་མོར་སེམས་མཐུན་སྤྱི་གླིང་དུ་མི་ཚོགས་མང་བ་དང་གྲོང་མི་མང་པོ་ཞིག་བྱེད་སྒོར་ཞུགས་པས་ས་གནས་ས་ཐོག་ཏུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྡེ་ཁུལ་ལུས་རྩལ་འགྲན་བསྡུར་གྱི་དུས་ཡུན་ཉིན་གཉིས་ཡིན་ཞིང་། སྡེ་ཁུལ་གྱི་མཉམ་སྡེབ་ཀྱི་འགྲན་བསྡུར་དང་མི་སྒེར་གྱི་འགྲན་བསྡུར་གཉིས་ཡོད་པ་རེད། མང་ཚོགས་འགྲན་བསྡུར་ལ་ཞུགས་ཚེ་སྤུས་ལེགས་ཀྱི་བྱེད་སྒོའི་ལག་རྟགས་རག་གི་ཡོད། སྤྱི་གླིང་ཉེ་འགྲམ་དུ་སྡོད་མཁན་གྲོང་མི་དོན་གྲུབ་ཀྱིས“ང་རང་དུས་རྒྱུན་འདིར་འཆམ་འཆམ་དང་སྦྱོང་བརྡར་བྱེད་པར་ཡོང་གི་ཡོད། དེ་གར་སྡེ་ཁུལ་གྱི་ལུས་རྩལ་འགྲན་བསྡུར་གཉེར་བ་ཤེས་འཕྲལ་འགྲན་བསྡུར་རྣམ་གྲངས་གང་དག་ཡོད་མེད་ལྟ་བར་ཡོང་བ་ཡིན”ཞེས་གསར་འགོད་པར་བཤད།
ཉིན་དེའི་དགོང་མོར་སེམས་མཐུན་སྤྱི་གླིང་དུ་མེ་ཕུང་དགོང་ཚོགས་གཟབ་རྒྱས་ཤིག་འཚོགས་ཤིང་། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ་དང་ལུས་སྦྱོང་སྒོར་གཞས་ཁྱབ་གདལ་གཏོང་མཁན་གྱིས་ས་གནས་ས་ཐོག་ཏུ་ཞབས་བྲོའི་སྣེ་ཁྲིད་པ་དང་མཐའ་འཁོར་གྱི་མང་ཚོགས་400ཙམ་གྱིས་མེ་ཕུང་གི་མཐའ་བསྐོར་ནས་སྒོར་གཞས་འཁྲབ་པ་རེད།
འབྲེལ་ཡོད་གསར་འགྱུར།