དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་བྱང་གིས“རིན་ཡོད་སྐྱིན་ཚབ”འཇལ་ནས“རིན་བྲལ་སྐྱེ་ཁམས”ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-19

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་སྲིད་གཞུང་གི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། “ཁེ་ལས་ཀྱིས་སྦགས་བཙོག་བཟོས་པ་དང་། མང་ཚོགས་ལ་གནོད་འཚེ་ཕོག་པ། སྲིད་གཞུང་གིས་རྩིས་རྒྱག་པ”བཅས་ཀྱི་བཅོས་སྐྱོང་གི་དཀའ་ངལ་སེལ་ཆེད། མཚོ་བྱང་ཀྲོའུ་ཡིས་ཐོག་མཐའ་བར་གསུམ་དུ“ཁོར་ཡུག་ལ་རིན་ཐང་ཡོད། གནོད་འཚེ་བཏང་ན་དེས་འགན་འཁུར་བའི”ལྟེ་བའི་རྩ་དོན་བརྟན་སྲུང་བྱས་པ་དང་ཆབས་ཅིག ལམ་ལུགས་ཅན་དང་གནད་སྨིན་ཅན་གྱི་བྱ་ཐབས་སྤྱད་དེ“རིན་ཡོད་སྐྱིན་ཚབ”འཇལ་ནས“རིན་བྲལ་སྐྱེ་ཁམས”ལ་སྲུང་སྐྱོང་བྱེད་པའི་ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ་བྱས་པ་རེད།

    མཚོ་བྱང་ཀྲོའུ་ཡིས“དབྱེ་བཤེར་བྱེད་དགོས་རིགས་ཚང་མར་དབྱེ་བཤེར་བྱེད་པ་དང་སྐྱིན་ཚབ་འཇལ་དགོས་རིགས་ཚང་མར་སྐྱིན་ཚབ་འཇལ་བའི”ལས་ཀའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་བ་དང་། ལོ་མང་ཐག་གཅོད་མ་ཐུབ་པར་ལུས་པའི་སྐྱེ་ཁམས་ཀྱི་གནད་དོན་ལ་དམིགས་ནས་ཕྱོགས་མང་པོའི་གྱོད་གཞིའི་འབྱུང་ཁུངས་དབྱེ་བཤེར་མ་ལག་བཙུགས་ནས། སྐྱེ་ཁམས་ལ་གནོད་འཚེ་བཏང་བར་སྐྱིན་ཚབ་འཇལ་བའི“གྱོད་གཅིག་གཉིས་བཤེར”གྱི་ཕྱིར་མིག་ལྟ་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ། “གཙང་བཤེར་རྣམ་པའི”ཕྱིར་ལྟའི་ཞིབ་བཤེར་བཅས་བྱས་པ་བརྒྱུད་ཁེ་ལས་ཀྱི་སྦགས་བཙོག་གི“ལོ་མང་རྩིས་རྙིང”རྩད་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཁུངས་སྣེ་གྲལ་བཤེར་བྱ་རྒྱུ་དེ་ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོར་བཅུག་ནས་ཁེ་ལས་ཀྱི་སྒྲིག་འགལ་བཙོག་འབུད་སོགས་ཀྱི་ཐོན་མང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ཏེ། སྐྱེ་ཁམས་ལ་གནོད་འཚེ་ཕོག་པའི་མངོན་མེད་རྐྱེན་ངན་མཉམ་དུ་ཞིབ་བཤེར་བྱས་པ། “ས་གནས་ས་ཐོག་ཏུ་སྐོར་ཞིབ་བྱས་ནས་ཁུངས་སྣེ་ཤེས་རྟོགས་དང་། ཕྱོགས་གསུམ་པའི་གསལ་འབྱེད་ཚོད་སྐོར། ཁྲིམས་ལྟར་སྐྱིན་ཚབ་བདའ་འདེད”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ལམ་སྲོལ་འཛུགས་གཏོད་བྱས་ཏེ། འབྱུང་རྩ་ནས“སྦགས་བཙོག་དང་། ནར་འགྱངས། འགན་འཁུར་མཁན་མེད་པ”བཅས་ཀྱི་ངན་འཁོར་མ་བྱུང་སྔོན་འགོག་བྱས་ཡོད།

    “སུས་ཁྲིམས་བསྟར་བྱས་ན་དེས་ཁྲིམས་ཁྱབ་གདལ་གཏོང་རྒྱུའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་རྒྱུ་ཡིན་ཞིང་། སྐྱེ་ཁམས་གནོད་སྐྱོན་ལ་སྐྱིན་ཚབ་འཇལ་བའི་ཁྲིམས་སྐྱོང་འདུ་ཤེས་དེ་རྒྱུན་ལྡན་གྱི་སྲིད་འཛིན་ཞིབ་བཤེར་དང་གྱོད་གཞི་ཞིབ་བཤེར་ཐག་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོར་བཅུག་ནས། ཁྲིམས་འཛིན་མི་སྣས་རང་འགུལ་ངང་འགན་འཁུར་བར“ཁོར་ཡུག་ལ་རིན་ཐང་ཡོད། སུས་གནོད་འཚེ་བཏང་ན་དེས་འགན་འཁུར་བའི”རྩ་དོན་དང་སྐྱིན་ཚབ་འཇལ་བའི་བརྒྱུད་རིམ་འགྲེལ་བཤད་བརྒྱབ་སྟེ། ཁེ་ལས་ཀྱི་ཁྲིམས་འགལ་བཙོག་འབུད་ཀྱི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཁ་གསལ་བཟོས་པ་རེད། སྲིད་དོན་སྨྱན་སྦྱོར་གསར་པ་སོགས་ཀྱི་ཐབས་ལམ་བརྒྱུད། སྤྱི་དམངས་ལ་སྐྱེ་ཁམས་ལ་གནོད་འཚེ་བཏང་བའི་སྐྱིན་ཚབ་ལམ་ལུགས་ཀྱི་ལྟེ་བའི་ནང་དོན་སོགས་ཁྱབ་གདལ་བཏང་ནས། སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་རྒྱུ་དང་སྤྱི་དམངས་ཀྱིས་ཁུངས་སྣེ་ཐེར་འདོན་བྱེད་པའི་ཐབས་ལམ་ཤར་གཏོང་བྱེད་རྒྱུ་དང་ཆབས་ཅིག སྤྱི་ཚོགས་ལས་རིགས་ཁག་ལ་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་ནང་ཞུགས་ནས“དམངས་ཡོངས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པ་དང་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད”བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་གསར་པ་རིམ་བཞིན་ཆགས་པར་བྱེད་དགོས་པའི་སྐུལ་ལྕག་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།