2025ལོའི་ཞབས་ཞུའི་ཚོང་དོན་ཚོང་འདུས་སུ་ལྷ་སའི་བཟོ་བཀོད་མཛེས་རྩལ་ཐོན་རྫས་མངོན་གསལ་དོད།
ཉེ་ཆར། 2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས(གཤམ་དུ“ཞབས་ཞུའི་ཚོང་དོན་ཚོང་འདུས”ཞེས་བསྡུ་རྒྱུ)པེ་ཅིང་དུ་སྤེལ་འགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ལྷ་སའི་ཡུལ་དེ་རང་གི་ཁེ་ལས་30ལྷག་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཤིང་། འགྲེམས་རྫས་ཀྱི་ཁོངས་སུ་བོད་ཀྱི་འཚེམ་དྲུབ་དང་། སྤོས། བོད་ཤོག ཁྱད་ལྡན་རིག་གནས་བསམ་བཀོད། སྲོལ་རྒྱུན་གྱི་གསེར་ཆས་དང་དངུལ་ཆས་སོགས་ཚུད་ཡོད།
ལྷ་སའི་བཟོ་བཀོད་མཛེས་རྩལ་ཐོན་རྫས་འགྲེམས་སྟོན་ཚོམས་ཆེན་དུ། བོད་བཟོའི་སྲོལ་རྒྱུན་གྱི་ཨར་སྐྲུན་ཉམས་འགྱུར་རྨང་གཞིར་བྱས་ནས་དེང་རབས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་ཤིང་། དེའི་ནང་ཐོན་རྫས་འགྲེམས་སྟོན་དང་། བཟོ་བཀོད་གསལ་སྟོན། རིག་གནས་ཉམས་ལེན། ངོ་འཕྲད་གྲོས་མོལ་བཅས་ས་ཁོངས་ཆེན་པོ་བཞིར་དབྱེ་ཡོད། འགྲེམས་སྟོན་ཚོམས་ཆེན་དུ། སྤོས་བཟོ་བ་དང་བོད་ཆས་ཉམས་ལེན་སོགས་སྤེལ་རེས་ལྷུ་ཚིགས་བཙུགས་ནས། ལྟ་སྐོར་བས་དངོས་སུ་ཉམས་ལེན་ཐུབ་པར་བྱས་ཡོད།
ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཝེ་ཡིས་བརྗོད་དོན། ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱིས། ལྷ་སའི་བཟོ་བཀོད་མཛེས་རྩལ་ཁེ་ལས་ལ་རྒྱལ་སྤྱིའི་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པ་དང་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པའི་རྩ་ཆེའི་ལས་སྟེགས་མཁོ་འདོན་བྱས་པས། ལྷ་སའི་བཟོ་བཀོད་མཛེས་རྩལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
འབྲེལ་ཡོད་གསར་འགྱུར།