ཟླ་བ་བརྒྱད་པར་རྒྱལ་དམངས་དཔལ་འབྱོར་སྤྱི་ཡོངས་ནས་བརྟན་ཁྲོད་ཡར་འཕེལ་བྱུང་བ།
གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་བརྒྱད་པར་རང་རྒྱལ་གྱི་དཔལ་འབྱོར་ཐོན་སྐྱེད་ཀྱི་དགོས་མཁོ་གཞི་རྩའི་ཆ་ནས་བརྟན་པོ་དང་ལས་ཞུགས་ཟོག་གོང་སྤྱི་ཡོངས་ནས་བརྟན་པོ་བྱུང་ཡོད་ལ། སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་ཕྱིན་ནས་རྒྱལ་དམངས་དཔལ་འབྱོར་སྤྱི་ཡོངས་ནས་བརྟན་ཁྲོད་ཡར་འཕེལ་གྱི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
བཟོ་ལས་ཐོན་སྐྱེད་ཅུང་མགྱོགས་པོ་འཕར་ཞིང་། ཟླ་བ་བརྒྱད་པར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.2%འཕར་ཡོད། ཐོན་རྫས་དབྱེ་ནས་བལྟས་ན། 3Dཔར་འདེབས་སྒྲིག་ཆས་དང་། ནུས་རྒྱུ་གསར་པའི་རླངས་འཁོར། བཟོ་ལས་འཕྲུལ་མིའི་ཐོན་རྫས་ཀྱི་ཐོན་ཚད་བཅས་དུས་མཚུངས་ལས་40.4%དང་། 22.7% 14.4%བཅས་སོ་སོར་འཕར་ཡོད།
འཛད་སྤྱོད་རྒྱུན་མཐུད་བརྟན་པོའི་ངང་འཕར་ཞིང་། ཟླ་བ་བརྒྱད་པར་སྤྱི་ཚོགས་འཛད་ཟོག་གི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་39668ཟིན་པ་དེ་དུས་མཚུངས་ལས་3.4%འཕར་ཡོད། ཟླ་བ་དང་པོ་ནས་བརྒྱད་པའི་བར་ཞབས་ཞུའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་5.1%འཕར་བ་དང་དྲ་ཐོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་9.6%འཕར་ཡོད།
ཕྱི་ཕྱོགས་ཚོང་དོན་ལ་གྲུབ་འབྲས་བཟང་པོ་མུ་མཐུད་ཐོབ་ཅིང་། ཟླ་བ་བརྒྱད་པར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་38744ཟིན་པ་དེ་དུས་མཚུངས་ལས་3.5%འཕར་བའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་23035ཟིན་ནས་4.8%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་15709ཟིན་ནས་1.7%འཕར་ཡོད། ཟླ་བ་དང་པོ་ནས་བརྒྱད་པའི་བར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་295696ཟིན་པ་དེ་དུས་མཚུངས་ལས་3.5%འཕར་ཡོད།
སྤྱི་ཁོག་སྲིད་ཇུས་ལ་ནུས་པ་ཐོན་ནས་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཞིང་། འཛད་རྫས་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་ཟླ་བ་བརྒྱད་པར་བཅད་གྲངས་ཡན་གྱི་ཚན་པའི་ནང་ཆས་རིགས་དང་། ཁྱིམ་སྤྱོད་གློག་ཆས། སྒྲ་བརྙན་ཡོ་བྱད་རིགས། རིག་གནས་གཞུང་ལས་ཡོ་བྱད་རིགས་བཅས་ཀྱི་སིལ་འཚོང་དངུལ་འབོར་དུས་མཚུངས་ལས་10%ལས་བརྒལ་ནས་ཚོང་ཟོག་ཡོངས་ཀྱི་སིལ་འཚོང་དངུལ་འབོར་གྱི་འཕར་ཚད་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད།
འབྲེལ་ཡོད་གསར་འགྱུར།