དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མི་རབས་ནས་མི་རབས་བར་བརྒྱུད་བསྒྲགས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་པོ་ཐུང་།   |     སྤེལ་དུས།  2025-09-18

    སྟོན་དུས་སུ་ཤིན་ཅང་ཨ་ལེ་ཐའེ་གྲོང་ཁྱེར་ཧུང་ཏུན་གྲོང་རྡལ་སཱ་ཡ་ཐེ་རེ་ཁེ་གྲོང་ཚོའི“ཞིང་ཁྱིམ”རིག་གནས་སྒོ་ར་ཆེན་པོའི་ནང་མི་རིགས་ཁག་གི་མང་ཚོགས་ཚོས་ལུས་ལ་སྲོལ་རྒྱུན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་ལྷན་དུ་འཛོམས་ཏེ་དགའ་དགའ་སྐྱིད་སྐྱིད་བྱས་ནས་བསྡད་ཡོད།

    “ཞིང་ཁྱིམ”གྱི་དམངས་སྲོལ་སྒྲིག་གཤོམ་ཁང་དུ་སྐྱོད་སྐབས། རྒྱ་རིགས་དང་། ཧ་སག་རིགས། སོག་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱོད་མྱོང་བའི་རྟ་སྒ་དང་། ཞིང་ལས་ཡོ་བྱད། ས་བཞུ་སོགས་ཀྱི་དངོས་པོ་དང་། ད་དུང་འདྲ་པར་རྙིང་པ་ཡོད་པ་དེ་དག་གིས་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་དགའ་ཞིང་བརྩེ་བ་དང་འཆམ་མཐུན་མཉམ་གནས་ཀྱི་འཚོ་བར་བདེན་དཔང་བྱས་ཡོད།

    “ཞིང་ཁྱིམ”རིག་གནས་སྒོ་ར་ཆེན་པོའི་འགན་འཁུར་བ་ལི་ཧུང་ཤིའུ་ཡིས་ངོ་སྤྲོད་བྱས་དོན། ཐོག་མར“ཞིང་ཁྱིམ”ནི་ཧྲན་ཤིས་དང་། ཧྲའན་ཤིས། ཀན་སུའུ་སོགས་ནས་ཧུང་ཏུན་གྲོང་རྡལ་དུ་གནས་སྤོ་བྱས་པའི་རྒྱ་རིགས་ཀྱི་ཡུལ་མིར་འབོད་ཀྱི་ཡོད། སྔོན་བྱོན་པ་དེ་དག་གིས་ཆུ་ཡུར་བཟོས་ནས་ཆུ་འདྲེན་པ་དང་། ས་རྒོད་སློག་པ། གྲོ་དང་གྲོ་ཞིབ་དང་འབྲོག་པའི་ནོར་ལུག་བརྗེ་བ་བཅས་བྱས་ཏེ་ས་གནས་དེ་གའི་འབྲོག་པ་དང་རིམ་བཞིན་གྲོགས་པོར་གྱུར་ཡོད། ལོ་100ལྷག་ཙམ་རིང་། “ཞིང་ཁྱིམ”གྱི་མི་རབས་ཁ་ཤས་ཀྱིས་མི་རིགས་ཁག་གི་མང་ཚོགས་དང་ཕན་ཚུན་མཉམ་འདྲེས་དང་ཐུན་མོང་ཐོག་འཕེལ་རྒྱས་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཅིག་བརྩམས་ཡོད།

    མི་རབས་ནས་མི་རབས་བར་གྱི་བརྩེ་བ་བརྒྱུད་བསྒྲགས་བྱ་ཆེད། 2012ལོར་ལི་ཧུང་ཤིའུ་ཡིས་དམངས་སྲོལ་སྒྲིག་གཤོམ་ཁང་བཙུགས་པས་ཁྱིམ་མཚེས་ཚོས་ལོ་རྒྱུས་ཀྱི་ཉམས་སྣང་ལྡན་པའི་ཅ་དངོས་རྙིང་པ་གཅིག་རྗེས་གཉིས་མཐུད་དུ་སྐྱེལ་བར་ཡོང་། “རྟ་སྒ་རྙིང་པས་མི་རིགས་ཁག་གི་མང་ཚོགས་སྐྱས་སྤོ་སྐབས་ཕན་ཚུན་རོགས་རམ་བྱེད་པའི་ཉིན་མོར་བདེན་དཔང་བྱས་ཡོད་པ་དང་། ཐོང་གཤོལ་དང་ཡོ་བྱད་ཐོག་ཁོང་རྣམ་པས་དཀའ་སྤྱད་ངལ་རྩོལ་བྱས་པའི་རྔུལ་ཆུས་འཚོས་ཡོད”ཅེས་ལི་ཧུང་ཤིའུ་ཡིས་བཤད་པ་དང་། ཁོང་གིས“འཚོ་བ་ཡག་པོ་ནི་མི་རིགས་ཁག་གིས་བདེ་སྡུག་མཉམ་མྱོང་བྱས་ནས་བྱུང་བ་ཞིག་ཡིན་པས་འབྱུང་འགྱུར་གྱི་འཚོ་བ་ཇེ་ལེགས་ཇེ་ཡག་ཏུ་འགྲོ་ངེས་རེད”ཅེས་བཤད།

    “ང་རང་མི་རིགས་མང་བའི་ཁྱིམ་ཚང་དུ་འཚར་ལོངས་བྱུང་བས་མི་རིགས་ཁག་དབར་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི་མྱོང་ཚོར་ཟབ་མོ་བྱུང”ཞེས“ཞིང་ཁྱིམ”སྒོ་ར་ཆེན་པོའི་མི་རབས་དྲུག་པའི་ཁོངས་མི་ཨ་སི་ཡ·པཱ་ཧོ་ཆ་ཨེར་གྱིས་བཤད། ད་ཆ་ཁོང་རང་ཉིད་ཀྱི་འཇོན་ནུས་ལ་གཞིགས་ནས་གཅེས་སེམས་བརྒྱུད་སྤྲོད་བྱེད་པའི་ས་གནས་དེ་གའི“གཅེས་སེམས་སྐྱེད་མའི” ཚོཌ་པའི་ནང་ཞུགས་ཏེ་སྤྱི་ཕན་བྱེད་སྒོ་སྣ་ཚོགས་ནང་ཞུགས་ནས་དཀའ་ངལ་ཡོད་པའི་རྒན་རྒོན་དང་བྱིས་པར་རོགས་རམ་བྱེད་ཀྱི་ཡོད།

    “ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་དང་། མི་རིགས་ཁག་ཚང་མ་ཁྱིམ་ཚང་གཅིག་རེད། ངས་མུ་མཐུད་ཅ་དངོས་རྙིང་པ་དག་ལེགས་སྒྲིག་བྱས་ཏེ‘ཞིང་ཁྱིམ’གྱི་མཐུན་སྒྲིལ་རོགས་རེས་ཀྱི་གཏམ་རྒྱུད་མུ་མཐུད་ཡག་པོ་ཤོད་ཀྱི་ཡིན”ཞེས་ལི་ཧུང་ཤིའུ་ཡིས་བཤད།

    ཉེ་བའི་ལོ་ཤས་རིང་། ཤིན་ཅང་གིས་མི་རིགས་མང་བའི་མང་ཚོགས་ཀྱི་སྒར་རེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་ཧུར་ཐག་བྱས་པ་དང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”དང་མི་རིགས་མཐུན་སྒྲིལ་མཉམ་འབྲེལ་བྱེད་སྒོ་གཏིང་ཟབ་སྤེལ་ཡོད། རི་བོ་ཐན་ཧྲན་ལྷོ་བྱང་གི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཐོན་དང་ཐོན་མུས་རེད།

    ད་ཆ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་འོད་སྟོང་འཕྲོ་བའི་ལེའུ་འདི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གཞོན་ནུ་ལོ་ཆུང་ཚོས་མུ་མཐུད་རྩོམ་བཞིན་ཡོད།

    ད་ལོའི་དབྱར་གསེང་རིང་ཁེ་ཙི་ལེ་སུའུ་ཁེར་ཁེ་ཙི་རང་སྐྱོང་ཀྲོའུ་ཡི་སློབ་མ་ཅང་སུའུ་སུའུ་ཆན་དུ་བསྐྱོད་དེ“སུའུ་ཁེ་ལག་གདང་མཉམ་སྦྲེལ་གྱིས་འབྱུང་འགྱུར་ལ་ཕྱོགས་པའི”བརྗོད་དོན་གཙོ་བོའི་ཞིབ་སྦྱོང་དབྱར་སྒར་གྱི་བྱེད་སྒོ་སྤེལ་བ་རེད། “ང་ཚོས་ལོ་རྒྱུས་ཀྱི་གནའ་ཤུལ་དང་རྟེན་མཛོད་ཁང་སོགས་ས་ཆ་མང་པོར་ལྟ་སྐོར་བྱས་པ་ཡིན། སློབ་དེབ་ནང་གི་ནང་དོན་མངོན་གསུམ་བཞིན་གྱུར་པས། ང་རང་ཀྲུང་གོ་བ་ཞིག་ཡིན་པར་སྤོབས་པ་ཚད་མེད་སྐྱེ་གི་འདུག”ཅེས་ཁེ་ཙི་ལེ་སུའུ་ཁེར་ཁེ་ཙི་རང་སྐྱོང་ཀྲོའུ་ཚོད་ལྟའི་སློབ་ཆུང་འགྲིམ་བཞིན་པའི་ཨ་པུའུ་ཏུའུ་ལཱ·ཕ་དབྱི་ཙེ་ལཱ་ཡིས་བརྗོད་པ་དང་། ཁོང་གིས“ངས་གྲོགས་པོ་གསར་པ་མང་པོ་ངོ་ཤེས་བྱུང་། ཚང་མས་མཉམ་དུ་ཉེ་འགྲམ་གྱི་གཏམ་རྒྱུད་མཉམ་སྤྱོད་དང་། ལག་རྟགས་བརྗེ་རེས་སོགས་བྱས་རྗེས་ང་ཚོར་ཐུན་མོང་གི་དགའ་ཕྱོགས་མང་པོ་ཡོད་པ་ཤེས་བྱུང་ལ། དེ་ནི་ཧ་ཅང་དྲོ་སྐྱིད་ལྡན་པ་ཞིག་འདུག ད་རེས་ཀྱི་ཞིབ་སྦྱོང་གི་མཐོང་ཐོས་དང་མྱོང་བ་དེ་ང་རང་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ་བརྗེད་པར་དཀའ་བའི་མྱོང་བར་འགྱུར་ངེས་རེད”ཅེས་བཤད།

    དེང་གི་ཤིན་ཅང་དུ་མི་རིཌ་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་མཐུད་གཏིང་ཟབ་ཏུ་བྱེད་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་འགྲོ་བཞིན་ཡོད། མི་རིགས་ཁག་གི་མི་དམངས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཐུན་མོང་ཐོག་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།