དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟའི་མིང་ཐོ་ཁག་དང་པོ་ཁྱབ་བསྒྲགས་བྱས་པ།

    གྲངས་གཞི་གཞི་ཁྱོན་ཅན་གྱི་འཁོར་རྒྱུག་བྱེད་པར“མྱུར་བགྲོད་གཞུང་ལམ”ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-18

    རྒྱལ་ཁབ་གྲངས་གཞི་ཅུས་ཀྱིས་ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟའི་མིང་ཐོ་ཁག་དང་པོ་ཁྱབ་བསྒྲགས་བྱས་ཤིང་། ཚོད་ལྟའི་རྣམ་གྲངས་ཁག་63བདམས་ཐོན་བྱུང་བ་དེའི་ནང་གྲོང་ཁྱེར་13དང་། ལས་རིགས་22 ཁེ་ལས་28བཅས་ཀྱི་ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་ཚུད་པ་དང་། དེ་ལས་རང་རྒྱལ་གྱི་ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་དེ་དོན་སྤྱི་ར་སྤྲོད་བྱེད་པ་ནས་གཞི་ཁྱོན་ཅན་གྱི་ཁྱབ་གདལ་གཏོང་བའི་དུས་མཚམས་གསར་པར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པ་མཚོན་ཡོད།

    ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་ལ་གོ་བ་ཇི་ལྟར་ལེན་དགོས། “དེ་ནི་མྱུར་བགྲོད་གཞུང་ལམ་དུ་ལམ་རིན་བསྡུ་ས་དང་། པར་མིག དོ་དམ་ལམ་སྲོལ་སོགས་ཀྱིས་རླངས་འཁོར་བདེ་འཇགས་ངང་ལམ་དུ་སྐྱོད་པའི་འགན་ལེན་བྱེད་པ་དང་ཆབས་ཅིག ད་དུང་མགྱོགས་པོ་སྐྱོད་ཐུབ་པ་དང་འདྲ་བར་ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་ནི་གྲངས་གཞི་གཞི་ཁྱོན་ཅན་གྱི་འཁོར་རྒྱུག་ཐུབ་པའི‘མྱུར་བགྲོད་གཞུང་ལམ’ཞིག་ཡིན”ཞེས་ཆིང་ཧྭ་སློབ་ཆེན་སྤྱི་ཚོགས་ཚན་རིག་སློབ་གླིང་དཔལ་འབྱོར་སུའོ་ཡི་དགེ་རྒན་ཆེ་མོ་བ་ཐང་ཁོའོ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་ཀྱི་ངོ་བོ་ནི་གྲངས་གཞི་གྲུབ་པ་དང་། འཁོར་རྒྱུག མཉམ་སྤྱོད། བེད་སྤྱོད་བཅས་ལ“ཚོད་འཛིན་ཐུབ་པ”དང་། “དོ་དམ་ཐུབ་པ” “ཚད་འཇལ་ཐུབ་པ”བཅས་ཀྱི་བདེ་འཇགས་ཡིད་རྟོན་ཆོག་པའི་ཁོར་ཡུག་ཅིག་མཁོ་འདོན་བྱ་རྒྱུ་དེ་རེད་ཅེས་བརྗོད།

    གྲངས་འཛིན་དཔལ་འབྱོར་དེ་གོ་ལ་ཧྲིལ་པོའི་འགྲན་རྩོད་ཀྱི་མཐོ་ས་གསར་པ་ཞིག་ཏུ་གྱུར་ཡོད་ཀྱང་གྲངས་འཛིན་རང་མོས་འཁོར་རྒྱུག་ཐད་ད་དུང་འགག་གནད་མང་པོ་ཞིག་འཕྲད་ཡོད། ལག་རྩལ་གསར་པ་བེད་སྤྱོད་བྱས་ནས་གྲངས་གཞི་བདེ་འཇགས་དང་ཡིད་རྟོན་ཆོག་པའི་འཁོར་རྒྱུག་ལ་འགན་ལེན་ཐུབ་པའི་རྨང་གཞིའི་སྒྲིག་བཀོད་ཡིན་པའི་ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་བསྐྲུན་རྒྱུ་ནི“གྲངས་གཞིའི་ཁེར་ཆགས་གླིང་ཕྲན”གྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ལ་འགྱུར་བཞིན་ཡོད།

    ཟླ་བ་བཞི་ཡི་ནང་གྲུབ་ཆ་ལེགས་ཤོས་ཀྱི་མ་ལག་གཏན་འཁེལ་བྱས་པ་དེ་སྲོལ་རྒྱུན་གྱི་ལོ་2ཀྱི་རྒྱུ་ཆ་འདེམས་པའི་དུས་འཁོར་ལས་ཐུང་དུ་མངོན་གསལ་དོད་པོ་ཕྱིན་པ་དང་། ཟླ་བ་དྲུག་གི་ནང་ཚ་ལ་རྒྱག་ཆོག་པའི་ཆིང་ཀྲུམ་འགོག་པའི་ངར་ལྕགས་གསར་སྤེལ་ལེགས་གྲུབ་བྱུང་བ་དེ་སྔོན་མ་ལས་ལོ་གཅིག་གིས་སྔ་བ་ཡོད་ཅེས་ཀྲུང་གོ་ངར་ལྕགས་ཞིབ་འཇུག་པེ་ཅིང་རྒྱུ་ཆ་གསར་པའི་སྤྱི་ཁྱབ་ཅིང་ལི་ཀྲའོ་ཤུས་ཀྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ཀུང་སིས་ཐོན་ལས་འཁོར་འབྲེལ་གྱི་ཁེ་ལས་50ལྷག་ཙམ་གྱི་གྲངས་གཞི་ཤར་གཏོང་ཐུབ་པ་དང་། ཐོན་ལས་སྔ་མ་དང་ཕྱི་མའི་རྒྱུ་ཆ་དང་ཐོན་རྫས་ཀྱི་ཆ་འཕྲིན་ཁྲི་26ལ་སྡེབ་གཅིག་ཏུ་ལེགས་འདེམས་གཤིབ་བསྡུར་ཐུབ་པ། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་དང་ཀྲུང་གོ་ངར་ལྕགས་ཞིབ་འཇུག་མཉམ་འབྲེལ་ཚོགས་པར་རྡོ་འགྱུར་ཆིང་ནུས་གསོག་འདྲེན་གྱི་ལྟེ་བའི་རྒྱུ་ཆའི“བཅུར་འགག”གི་དཀའ་གནད་བདེ་བླག་ངང་སེལ་རོགས་བཅས་བྱས་པས། ཞིབ་འཇུག་གསར་སྤེལ་གྱི་ལས་ཕྱོད་དེ་སྔ་ལས་ལྡབ་གཅིག་ཡན་མཐོ་རུ་ཕྱིན་ཡོད་ཅེས་བརྗོད།

    ཐོན་ལས་འཁོར་འབྲེལ་གཅིག་ལ་མ་བཅོས་རྒྱུ་ཆ་ཐོན་སྐྱེད་དང་། ལྷུ་ལག་ལས་སྣོན། སྒྲིག་ཆས་བཟོ་སྐྲུན་སོགས་ཁེ་ལས་བརྒྱ་ཕྲག་ཁ་ཤས་ཚུད་ཡོད་པ་དང་། ཐོན་སྐྱེད་བརྒྱུད་རིམ་དང་། བཟོ་རྩལ། ཞིབ་འཇུག་གསར་སྤེལ་སོགས་ཀྱི་གྲངས་གཞི་ཚང་མ་ཁེ་ལས་ཁག་གི་རྩ་ཆེའི་རྒྱུ་ནོར་ཡིན་ཡང་། ཁེ་ལས་ཀྱིས་མཉམ་སྤྱོད་བྱེད་དོན་གང་ཡིན་ཞེ་ན།

    ཀྲའོ་ཤུས་ཀྱིས། ཚན་ཚན་ཕྲེང་འབྲེལ་དང་གསང་བའི་རྩིས་རྒྱག་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་ཀུང་སིས་རྒྱུ་ཆ་གསར་པའི་ཐོན་ལས་འཁོར་འབྲེལ་གྱི་ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་བསྐྲུན་ཏེ“གྲངས་གཞི་དག་ཁྱབ་ཁོངས་ནས་མི་ཐོན་པ་དང་། སྤྱོད་ཆོག་པ་ལས་མཐོང་མི་ཐུབ་པའི”འགན་ལེན་བྱས་ཡོད། “དོན་དངོས་ཐོག་གྲངས་གཞི་གཅིག་སྡུད་འཚོལ་བསྡུ་བྱས་མེད་པར་ད་དུང་ཁེ་ལས་ཁག་གི་ཁོངས་སུ་ཡོད། ཡིན་ནའང་། ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་བརྒྱུད་ཁེ་ལས་ཀྱི་གྲངས་གཞིའི་ཐོན་ཁུངས་མཁོ་སྤྲོད་སྦྲེལ་མཐུད་ནུས་ལྡན་ཐུབ་ནས། རིན་ཐང་མཉམ་གཏོད་ཀྱི་ཕན་འབྲས་ཐོན་ཐུབ”ཅེས་བརྗོད།

    རྒྱལ་ཁབ་གྲངས་གཞི་ཅུས་ཀྱི་ཅུས་ཀྲང་ལིའུ་ལེ་ཧུང་གིས། ས་གནས་ཁག་གིས་ཁེ་ལས་དང་། ཐོན་ལས། གྲོང་ཁྱེར་བཅས་ཀྱི་འཕེལ་རྒྱས་དགོས་མཁོར་ཞབས་འདེགས་དམ་ཟབ་ཞུས་ནས། ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་དེ་ཉིད་གྲངས་གཞི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། གྲངས་གཞིའི་ཐོན་ལས་སྐྱེད་སྲིང་བྱེད་པ། གྲངས་གཞིའི་གཙོ་རྒྱུའི་ཁྲོམ་རའི་མ་ལག་སྐྲུན་པའི་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ཏེ་སྐྱེད་སྲིང་བྱ་ཐབས་བཟོ་བ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚོད་ལྟའི་ལས་འགན་འཁུར་བའི་ས་གནས་ཀྱིས་ཚོད་ལྟ་བྱེད་ཞོར་དུ་འཚོལ་ཞིབ་དང་ཕྱོགས་སྡོམ་བྱས་ཏེ། ཁྱབ་ཁོངས་དེ་བས་ཆེ་བའི་ཡིད་རྟོན་ཆོག་པའི་གྲངས་གཞིའི་བར་མཐོངས་ཀྱི་ལག་ལེན་ལ་ཉམས་མྱོང་མཁོ་འདོན་བྱེད་དགོས་ཞེས་བརྗོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།