དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྲིས་ལན་བཏབ་ནས་འགན་འཁྲི་ལག་བསྟར་བྱས། ཐོག་མའི་བསམ་འདུན་བཅངས་ནས་དམངས་དོན་བསྒྲུབས།

    —— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་བོད་ལྗོངས་ཁྲིམས་ཁང་གིས་དམངས་ཆེད་ཁྲིམས་འཛིན་ལག་བསྟར་བྱས་པའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-18

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་། ལྗོངས་ཡོངས་ཀྱི་ལས་རིགས་ཁག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། བོད་ལྗོངས་ཁྲིམས་ཁང་གིས་ཀྱང་དམངས་ཆེད་ཁྲིམས་འཛིན་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཁྲིམས་འཛིན་འདྲི་གཅོད་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་བ་དང་། “ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་མི་དམངས་མང་ཚོགས་ལ་དྲང་གཞག་དང་དྲང་བདེན་ཚོར་བའི”ལས་ཀའི་དམིགས་ཚད་ལ་གཞིགས་ནས་དུས་རབས་གསར་པའི་ཁྲིམས་སྐྱོང་གི་གཏམ་རྒྱུད་བརྩམས་པ་རེད།

    རྟ་ལ་བཞོན་ནས་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་བྱས་པ།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་ཆབས་ཅིག་ཆེས་མཐོའི་མི་དམངས་ཁྲིམས་ཁང་བོད་ལྗོངས་ཡན་ལག་ཁྲིམས་ཁང་དེ་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་མིང་བསྒྱུར་ནས། གངས་ལྗོངས་ས་མཐོར་དམངས་ཆེད་ཁྲིམས་འཛིན་དང་དྲང་གཞག་ཁྲིམས་འཛིན་ལག་ལེན་བསྟར་འགོ་ཚུགས་པ་རེད།

    བོད་དུ་མཐའ་མཚམས་མི་རིགས་དང་། གཅིག་སྡུད་ཡུག་འབྲེལ་དབུལ་ཕོངས། དར་རྒྱས་འགྲོ་འགོར་བའི་ས་ཁུལ་བཅས་གཞི་གཅིག་ཏུ་འདུས་ཤིང་། ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་། ས་གནས་བར་ལམ་ཐག་རིང་བ། གྲང་ངར་ཆེ་ལ་གསོ་རླུང་དཀོན་པ། འགྲིམ་འགྲུལ་སྟབས་མི་བདེ་བ། ཞིང་འབྲོག་པས་སྤྱིའི་མི་འབོར་གྱི་80%ཡན་བཟུང་བའི་ཁར་ཁ་ཐོར་ངང་སྡོད་པ་བཅས་ཀྱི་ལྗོངས་བབ་ལྡན་པ་མ་ཟད། གཞི་རིམ་ཁྲིམས་ཁང་ཡོངས་ཁྱབ་ཏུ་གྱོད་གཞི་མང་ལ་ལས་མི་ཉུང་བ་དང་། ཤང་དང་གྲོང་རྡལ་གྱི་མི་དམངས་ཁྲིམས་ར་འཛུགས་སྐྲུན་རྗེས་སུ་ལུས་ལ། ཁྱབ་ཁྱོན་ཆུང་བ་བཅས་ཀྱི་ཁྲིམས་ཁང་གི་ལས་ཀའི་དོན་དངོས་གནས་ཚུལ་ཡང་ལྡན་ཡོད། ཁོར་ཡུག་དེ་འདྲའི་འོག“རྟ་ཐོག་ཁྲིམས་ར”དང“སྦྲ་གུར་ཁྲིམས་ར”བྱུང་བ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ལྷག་པ་དབང་འདུས་ཀྱིས་དུས་ཡུན་རིང་པོར་བོད་ལྗོངས་ཁྲིམས་ཁང་ཁོངས་གཏོགས་སུ་ལས་ཀ་བསྒྲུབས་མྱོང་། ལོ་ངོ་40ཙམ་རིང་གི་ལས་ཀར་ཕྱིར་མིག་བལྟས་ཚེ། ཁོང་ལ་བག་ཆགས་ཟབ་ཤོས་ནི་དངོས་ཟོག་དཀོན་པའི་ལོ་རབས་དེར་གཞི་རིམ་དུ་སྐྱོད་དུས་མང་ཚོགས་ཀྱི་ཁྱིམ་དུ་བཟས་མྱོང་བའི་བྱ་སྒོང་བཙོས་མ་རེད།

    1986ལོར། ལྷག་པ་དབང་འདུས་སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་དུ་ལས་ཀ་བྱེད་པར་མངགས་ཤིང་། སྔོན་ཆད་ལྷ་ས་ནས་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ཉིན་གང་འགྲོ་དགོས་ལ། ས་ལམ་འབར་འབུར་དུ་སྐྱོད་དུས་མགོ་ཡུ་འཁོར་གྱི་ཡོད། ལྷག་པ་དབང་འདུས་ཀྱིས་ཕྱིར་དྲན་བྱས་པར་གཞིགས་ན། སྐབས་དེར་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་སྡེ་ཚན་གྱིས་སྒོ་ར་གཅིག་གི་ནང་གཞུང་དོན་སྒྲུབ་ཀྱི་ཡོད་པ་དང་། ཁྲིམས་ཁང་ལ་གཞུང་ལས་ཁང་གཉིས་ལས་མེད།

    ཁྲིམས་ར་མེད་ལ་སྔོན་ཐོན་གྱི་གཞུང་ལས་སྒྲིག་ཆས་ཀྱང་མེད་པས། ཁྲིམས་ར་འཚོགས་དགོས་དུས་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་ས་ཆ་གཡོར་དགོས་པ་དང་། དམངས་དོན་གྱོད་གཞི་འདུམ་འགྲིག་བྱེད་དགོས་དུས་གཞུང་ལས་ཁང་ནི་འདུམ་འགྲིག་ཁང་ཡིན། ལྷག་པ་དབང་འདུས་ཀྱིས“སྐབས་དེར་ང་རང་དགའ་ཤོས་ནི་གཞི་རིམ་དུ་འགྲོ་བ་དེ་ཡིན། མང་ཚོགས་ཀྱི་ཉེ་སར་བཅར་ཐུབ་པ་མ་ཟད་ད་དུང་མི་སེར་དང་འབྲེལ་འདྲིས་ཀྱང་མང་ཙམ་བྱེད་ཐུབ། སྒོ་ང་བཙོས་ནས་ཚྭ་ནང་བསྒྲེས་ནས་ཟ་བ་ནི་སྐབས་དེར་མང་ཚོགས་ཀྱིས་ང་ལ་བསླབས་བྱུང”ཞེས་བཤད།

    དབྱར་ཁར་འདམ་རྡོའི་ཆུ་རུད་ཐོན་པ་དང་དགུན་ཁར་ཁ་བ་ཆེན་པོས་རི་ལུང་གཡོགས་ཤིང་། གནམ་གཤིས་ནི་ལམ་བར་གྱི་བཀག་རྡོ་ཆེ་ཤོས་ཡིན་ནའང་། མང་ཚོགས་ཀྱི་དོན་དག་ལ་འགོར་འགྱང་བྱེད་མི་རུང་། ལྷག་པ་དབང་འདུས་ཀྱིས་ཀྱང་རྒྱུན་དུ་ཁྲིམས་དཔོན་རྒན་པ་ཚོས་རྟར་བཞོན་ནས་གཞི་རིམ་དུ་བསྐྱོད་པའི་སྐོར་གླེང་བ་གོ་མྱོང་ཡོད།

    མང་ཚོགས་ཀྱི་རེ་ཞུ་འབྱོར་རྗེས“ཅ་དངོས་བཞི”(རྒྱལ་རྟགས་དང་། རྒྱགས་བྲོ། མེ་མདའ། སྒ་སྟན)གྲ་སྒྲིག་བྱས་ཏེ། ཁྲིམས་ཁང་ཉེ་འགྲམ་གྱི་མང་ཚོགས་ཁྱིམ་ནས་རྟ་གཡོར་གྱི་ཡོད། ཁྲིམས་དཔོན་རྒན་གྲས་ཚོས་རྟར་བཞོན་ནས་གྱོད་གཞི་ཞིག་ཐག་གཅོད་བྱེད་པར་འགྲོ་ཐེངས་རེར་གཟའ་འཁོར་གཅིག་ཙམ་འགོར་གྱི་ཡོད། དམིགས་སར་འབྱོར་རྗེས་གུར་ཕུབ་པ་དང་། དཔེ་མཚོན་གྱི་དམངས་དོན་གྱོད་གཞི་དང་ཉེས་དོན་གྱོད་གཞི་སྒྲུབ་སྐབས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་བསྡུས་ཏེ་མཉམ་དུ་འདྲི་ཞིབ་བྱས་ནས། ཉེས་གསོག་ལ་ཟིལ་གནོན་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། བཅའ་ཁྲིམས་དྲིལ་བསྒྲགས་བཅས་ཀྱི་ནུས་པ་ཐོན་པ་བྱེད་ཀྱི་ཡོད།

    མང་ཚོགས་ཀྱི་གཏུག་བཤེར་ཐད་སྟབས་བདེ་ཆེ་ཤོས་བསྐྲུན་པ་དང་། ཏང་གི་ཁྲིམས་འཛིན་གྱི་མི་ཆོས་ཀྱི་གཟིགས་སྐྱོང་དེ་བོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དུ་ཁྱབ་པར་བྱས་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་འདྲ་མཉམ་དང་། དྲང་གཞག ནུས་ཆེ་བཅས་ཀྱི་ཁྲིམས་འཛིན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད། ཁྲིམས་དཔོན་མི་རབས་རྒན་གྲས་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ལ་བརྒྱབ་ཀླུང་བརྒལ་བྱས་ནས་རྩྭ་ཐང་འབྲོག་ཁུལ་དང་ཞིང་ནང་མུ་ཁར་བསྐྱོད་དེ་ས་ཡུལ་དངོས་སུ་མང་ཚོགས་ཀྱི་རྩོད་གཞི་བསལ་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཁྲིམས་འཛིན་ཞབས་འདེགས་ཞུ་ཡི་ཡོད།

    “འཁོར་ཐོག་སྐོར་སྐྱོད་ཁྲིམས་རར”བརྟེན་ནས་དམངས་ཆེད་ཁྲིམས་འཛིན་ལ་ཚན་རྩལ་གྱི་རམ་འདེགས་བྱས་པ།

    “འཁོར་ཐོག་སྐོར་སྐྱོད་ཁྲིམས་ར”ཞེས་འཁོད་པའི་ཐང་རྒོད་མོ་ཊ་ཞིག་མང་ཚོགས་ཀྱི་མིག་ལམ་དུ་མངོན་པ་དང་དེས“རྟ་ཐོག་ཁྲིམས་ར”ཡི་ཚབ་བྱས་ཏེ་ཁྲིམས་འཛིན་ཞབས་ཞུའི་ཕོ་ཉ་གསར་པར་གྱུར་ཡོད། 2009ལོའི་ལོ་འགོར་བོད་ལྗོངས་ཁྲིམས་ཁང་གིས་དམངས་ཕན་དམངས་ཁེ་དམངས་ཆེད་ཀྱི་ལས་ཀ་བྱེད་སྟངས་གསར་རྐྱང་ཞིག་བཏོན་པ་སྟེ། “འཁོར་ཐོག་སྐོར་སྐྱོད་ཁྲིམས་ར”དངོས་སུ་སྤྱོད་འགོ་ཚུགས་ནས་ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་74སོ་སོར་ཐང་རྒོད་མོ་ཊ་རེ་བཀོད་སྒྲིག་བྱས་ཏེ“སྐོར་སྐྱོད་འདྲི་གཅོད་ཁྲིམས་ར”བྱས་ཤིང་། ལྟེབ་སྒྲིལ་གྱི་འདྲི་གཅོད་ཅོག་ཙེ་དང་རྐུབ་སྟེགས་དང་། ལག་འཁྱེར་གློག་ཀླད། དཔར་སློག་འཕྲུལ་ཆས། རྒྱལ་རྟགས། ཁྲིམས་དཔོན་གྱི་ཐོ་བ། འདྲི་གཅོད་གུར་སོགས་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་ཉེར་མཁོའི་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད།

    ལས་ཀ་བྱེད་སྟངས་དེར་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ནས་ཚང་མས་མཛའ་བརྩེའི་ངང“110”ཁྲིམས་ར་དང་། “ཁྱིམ་གྱི་སྒོ་འགྲམ་གྱི་ཁྲིམས་ར”ཞེས་འབོད་ཀྱི་ཡོད་ལ། ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཁས་ལེན་གང་ལེགས་ཀྱང་ཐོབ་ཡོད།

    ཁྲིམས་འཛིན་ཞབས་ཞུ་ཕྱོགས་ཚང་མར་ཁྱབ་ཐུབ་པར་བྱས་པ།

    2024ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་གྱོད་གཞི་ཁྲི་10ལྷག་ཙམ་ཟིན་ནས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་སྟེ་ས་མཐོའི་ཡུལ་དུ་དམངས་ཆེད་ཁྲིམས་འཛིན་གྱི་ལག་ལེན་རྩ་བ་ཚུགས་ནས་ཡལ་འདབ་རྒྱས་ཏེ་ཁྲིམས་འཛིན་གྱི་མེ་ཏོག་བཞད་ཡོད་པ་རེད།

    “བློ་མཐུན་ཁྲིམས་དཔོན་ལགས། ཁྱེད་རྣམས་ཀྱིས་ང་ཚོ་ལོ་ན་རྒས་པར་བསམ་ཤེས་བྱས་ནས་ཁྲིམས་ར་གྲོང་ཚོ་ཨུ་ལྷན་དུ་སྤོས་ཏེ། ང་ཚོ་ཡར་རྒྱུག་མར་རྒྱུག་བྱེད་མི་དགོས་པར་ཞུ་གཏུག་རྒྱག་ཐུབ་ཀྱི་འདུག་པས། ང་ཚོ་རྦད་དེ་བློ་ཡིད་ཚིམས་སོང”མི་རིང་བའི་གོང་སྟེང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་དེ་གཏམ་སྟོད་ཤང་དབྱེ་དག་གཤིས་གྲོང་ཚོ་ཨུ་ལྷན་དུ་སྤོས་ནས་དམིགས་བསལ་གྱི་གྱོད་གཞི་ཞིག་ལ་སྐོར་སྐྱོད་འདྲི་གཅོད་བྱས་ཏེ། གཏམ་སྟོད་ཤང་དབྱེ་དག་གཤིས་གྲོང་ཚོའི་བགྲེས་སོང་གཉིས་ཡུན་རིང་འཆམ་པོ་མེད་པའི་གནད་དོན་བསལ་ཡོད་པ་རེད།

    གྱོད་གཞི་དེར་འདྲི་གཅོད་བྱེད་རིང་ཁྲིམས་དཔོན་གྱིས་གྱོད་གཞི་གཞན་གསུམ་གྱི་དོ་བདག་ཀྱང་གཏམ་སྟོད་ཤང་དུ་སྡོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཁྲིམས་དཔོན་གྱིས་དེ་མུར་ཁོང་ཚོ་དང་འབྲེལ་བ་བྱས་ནས་ས་ཆ་དེ་གར་འདུམ་སྒྲིག་བྱས་ཤིང་། གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པ་དང་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་གཏིང་ཟབ་བྱས་མཐར། གྱོད་གཞི་གསུམ་པོར་འདུམ་འགྲིག་གྲོས་མཐུན་བཞག་པའི་ཁྲོད། གྱོད་གཞི་ཁག་གཅིག་ས་ཆ་དེ་རང་དུ་ལག་བསྟར་ཟིན་ནས“གྱོད་གཞི་གཅིག་ལ་འདྲི་ཞིབ་བྱས་ནས་གྱོད་གཞི་མང་པོ་སེལ་བའི”སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཁྲིམས་ཁང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་དང་ཞབས་འདེགས་ཞུས་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གཏུམ་སྤྱོད་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་ཅིང་། ཁྲིམས་འཛིན་ཀྱི་འགན་ནུས་རང་འགུལ་ངང་སྣུར་སྲིང་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་འདེགས་ཞུས་ཡོད།

    མ་འོངས་པར་བོད་ལྗོངས་ཁྲིམས་ཁང་གིས་མུ་མཐུད་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ཁུར་ནས་ཡིད་ཆེས་བརྟན་པོ་དང་། གསར་འབྱེད་འབད་འབུངས། དམ་པ་དོན་གཉེར། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་ལས་དོན་གྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།