ལྗོངས་ཡོངས་ཀྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་ལས་ཡུལ་དངོས་ཀྱི་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ།
ཉེ་ཆར། 2025ལོའི་ལྗོངས་ཡོངས་ཀྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་ལས་ཡུལ་དངོས་ཀྱི་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཚེ་རིང་ཕུན་ཚོགས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན། བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ཐོག་བརྒྱུད་རིམ་ལྡན་པའི་ཕྱོགས་སྡོམ་དང་ཚན་རིག་དང་མཐུན་པའི་འཆར་འགོད་ཟུང་འབྲེལ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་ལྷན་སྦྱར་ཟུང་འབྲེལ། གྲོང་ཚོའི་གཟུགས་བརྙན་དང་མི་ཆོས་རིག་གནས་ལ་བརྟེན་ནས་བླ་སྲོག་གཏོད་པ་ཟུང་འབྲེལ། སྲིད་གཞུང་གི་གཙོ་ཁྲིད་དང་མང་ཚོགས་ཀྱི་བྱེད་པོ་ཟུང་འབྲེལ་བཅས་མཐའ་འཁྱོངས་ཀྱིས་འཆར་འགོད་ཁྲིད་སྟོན་དུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་དང་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། འཛུགས་སྐྲུན་ནུས་པ་ཆེ་རུ་གཏོང་བ། འཛུགས་སྐྲུན་སྤུས་ཚད་ལེགས་སུ་གཏོང་བ། རྗེས་མཐུད་ཀྱི་བདག་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གྲོང་གསེབ་འཛུགས་སྐྲུན་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གྲོང་གསེབ་འཛུགས་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱ་ཆེའི་ཞིང་པ་མང་ཚོགས་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།