2025ལོའི་རྒྱལ་སྤྱིའི་དབྱི་ཡོན་གྲོས་མིའི་མཛའ་གྲོགས་སྤེལ་རེས་གླེང་སྟེགས་ཀྱི་ཝུའུ་ལུའུ་མུའུ་ཆིའི་བསྒྲགས་གཏམ།
2025ལོའི་ཟླ་9ཚེས་14ཉིན། 2025ལོའི་རྒྱལ་སྤྱིའི་དབྱི་ཡོན་གྲོས་མིའི་མཛའ་གྲོགས་སྤེལ་རེས་གླེང་སྟེགས་ཀྲུང་གོའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་འཚོགས་ཤིང་། གླིང་ཆེན་ལྔ་ནས་ཡོང་བའི་དབྱི་ཡོན་གྲོས་མི་དང་། དེ་སྔའི་དབྱི་ཡོན་གྲོས་མི་60ལྷག་ཙམ། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་ས་གནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་60ལྷག་ཙམ་གླེང་སྟེགས་ལ་ཞུགས་པ་རེད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིང་དུ་ཚོགས་ཞུགས་འཐུས་མི་ཚོ་དང་ལྷན་གཅིག་ཏུ་མཇལ་འཛོམས་གནང་བ། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞུའེ་ཁེ་ལའེ་ཐེ·ཀྲ་ཁེར་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་ནས་གཙོ་དོན་གཏམ་བཤད་གནང་བ་རེད།
གླེང་སྟེགས་ཀྱིས“གོ་ལ་ཧྲིལ་པོའི་མཉམ་ལས་འབྲེལ་བ་མཉམ་དུ་འཛུགས། རྒྱུན་མཐུད་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཚོགས་ཞུགས་སྐུ་མགྲོན་ཚོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས། མི་རིགས་ས་ཁོངས་རང་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་དང་ཐུན་མོང་འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་དམིཌ་ནས་གྲོས་བསྡུར་བྱས་པ་རེད། གླེང་སྟེགས་ཐོག་ད་དུང“ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་དབྱི་ཡོན་གྲོས་མིའི་དབར་སྐད་ཆ་ཤོད་རེས”དང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་དབྱི་ཡོན་གྲོས་མིའི་དབར་གླེང་མོལ” ཡང་བྱས་པ་རེད།
གླེང་སྟེགས་གཙོ་གཉེར་བ་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གི་ལྟ་ཚུལ་གཙོ་བོ་ཕྱོགས་སྡོམ་བྱས་པ་གཤམ་གསལ་ཏེ།
གཅིག རྒྱལ་ཁབ་ཁག་གི་ཁྲིམས་འཛུགས་སྒྲིག་གཞིས་མཛའ་གྲོགས་འགྲོ་འོང་ཟབ་ཏུ་གཏོང་དགོས་ཤིང་། རིམ་པ་མང་བའི་སྐད་ཆ་ཤོད་རེས་དང་མཉམ་ལས་བརྒྱུད། གོ་ལ་ཧྲིལ་པོའི་ཞི་བདེ་བརྟན་ལྷིང་ལ་མཉམ་དུ་སྐུལ་འདེད་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་ནས། རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྒུལ་ཤུགས་རྒྱུན་མཐུད་སྣོན་དགོས།
གཉིས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་མཉམ་དུ་དར་སྤེལ་གཏོང་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་འཛིན་པ་དང་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཁབ་ཁག་གི་བདག་དབང་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་མཐའ་འཁྱོངས་ཀྱིས་ཕྱོགས་མང་རིང་ལུགས་ལག་བསྟར། སྐད་ཆ་ཤོད་རེས་དང་གྲོས་མོལ་ལ་བརྟེན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་སྟངས་དར་སྤེལ་གཏོང་བ། རྣམ་པ་མི་འདྲ་བའི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཡོད་དོ་ཅོག་ལ་ངོ་རྒོལ་བྱེད་པ། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་སྐྱོད་དགོས།
གསུམ། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་མཉམ་དུ་དར་སྤེལ་གཏོང་དགོས་ཤིང་། འཕེལ་རྒྱས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་མང་ཚོང་དོན་གྱི་ལྟེ་བའི་རིན་ཐང་དང་རྩ་དོན་ལ་སྲུང་སྐྱོང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར། རྒྱལ་ཁབ་ཁག་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཡོངས་ཁྱབ་རེ་འདུན་དང་འཕེལ་རྒྱས་ཀྱི་ཁེ་དབང་ལ་བརྩི་འཇོག་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕར་བར་སྒུལ་ཤུགས་སྣོན་དགོས།
བཞི། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་ཚད་གཞིར་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཤིང་། རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པར་རྒྱབ་སྐྱོར་དང་། བདག་དབང་རང་བཙན་དང་། མངའ་ཁོངས་ཆ་ཚང་བ། རྒྱལ་ཁབ་བརྟན་ལྷིང་བཅས་ལ་སྲུང་སྐྱོང་། རྒྱལ་ཁབ་ཁག་གིས་ཕན་ཚུན་འདྲ་མཉམ་དང་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནད་དོན་ཐད་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱེད་པར་ལྕག་སྐུལ་བཅས་བྱས་ཏེ། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་དང་། སྐད་ཆ་ཤོད་རེས་དང་མཉམ་ལས་མཐའ་འཁྱོངས་ཀྱིས་བདེ་འཇགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་དང་། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་སྤེལ། མཉམ་ལས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་བཅས་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།
ལྔ། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱེད་དགོས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་དཔེ་རྣམ་གསར་པ་མཁོ་འདོན་བྱས་པར་ཁས་ལེན་དང་། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བར་དགའ་བསུ་ཞུ་བ། “རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་གྱི་གྲོས་འགོ་དེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དང་མཉམ་དུ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བཅས་བྱས་ནས། མིའི་རིགས་ཀྱི་སྤྱི་ཚོགས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
དྲུག ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་རྒྱུ་དེ་སྔོན་སྒྲུབ་བྱ་བ་ཞིག་ཏུ་བརྩིས་ཏེ། ལྗང་མདོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ་གཙང་མ། ཁོར་ཡུག་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དེ་བས་ཟབ་ཏུ་གཏོང་བར་རེ་སྒུག་བྱེད་ཀྱི་ཡོད་པའི་ནན་བཤད་བྱས་པ།
བདུན། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་དགོས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འགན་སྲུང་བྱས་ཏེ། མི་རིགས་ཁག་གི་མི་དམངས་ལ་འདྲ་མཉམ་གྱི་ཆབ་སྲིད་དབང་ཆ་དངོས་སུ་ཐོབ་པ་དང་། ཐུན་མོང་ཐོག་རང་ཁྱིམ་རང་བདག་ཐུབ་པར་འགན་ལེན་བྱས་ནས། མི་རིགས་ཁག་མཐུན་སྒྲིལ་དར་རྒྱས་ཡོང་བར་ཤུགས་རྒྱག་དགོས
བརྒྱད། ཀྲུང་གོ་སྲིད་གཞུང་གི་ཤིན་སྐྱོང་ཐབས་ཇུས་ལ་ཚད་མཐོའི་ཁས་ལེན་བྱེད་དགོས་ཤིང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70ཡི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། ད་ལྟའི་ཤིན་ཅང་དུ་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་དར་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད་པར་གདེང་འཇོག་ཡག་པོ་བྱེད་དགོས་པ་དང་། རྒྱལ་ཁབ་ཁ་ཤས་ཀྱིས་ཤིན་ཅང་དང་འབྲེལ་བ་ཡོད་པའི་གྲོས་གཞིར་ཁ་གཡར་ནས། ཆབ་སྲིད་ཀྱི་གཡོ་སྤྱོད་སྤེལ་ཏེ་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་དགོས།
དགུ། 2025ལོའི་རྒྱལ་སྤྱིའི་དབྱི་ཡོན་གྲོས་མིའི་མཛའ་གྲོགས་སྤེལ་རེས་གླེང་སྟེགས་འཚོག་རིང་། ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གླེང་སྟེགས་ཀྱིས་རྒྱལ་ཁབ་ཁག་གི་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་དང་རྒྱལ་ཁབ་ཁག་གི་དབྱི་ཡོན་གྲོས་མིའི་དབར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་ཁས་ལེན་བྱ་རྒྱུ་མ་ཟད། གླེང་སྟེགས་ལམ་སྲོལ་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། 2026ལོར་ཀྲུང་གོར་གླེང་སྟེགས་སྐབས་བཞི་པ་འཚོག་པར་དགའ་བསུ་ཞུ་རྒྱུ་བཅས་རེད།
(ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་9ཚེས་14ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།