《དགེ་རྒན་ལ་བརྩི་བཀུར་དང་ཕན་འདོཌ་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་འགའ་ཞིག》བཀྲམ་པ།
གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། འཕེལ་སྒྱུར་ཨུ་ལྷན། དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་། ནོར་སྲིད་ཐིང་སོགས་སྡེ་ཚན་བཅུ་ཡིས་མཉམ་དུ《དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་འགའ་ཞིག》(གཤམ་དུ“དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་བྱེད་ཐབས”ཞེས་བསྡུ་རྒྱུ)བཀྲམ་པ་རེད། “དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་བྱེད་ཐབས”ནང“དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། དགེ་རྒན་གྱི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་བ། དགེ་རྒན་གྱི་འཚོ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ། སྤྱི་ཚོགས་འགན་སྲུང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་སྣང་ཆེན་བྱེད་པའི་དར་སྲོལ་དར་སྤེལ”བཅས་ཕྱོགས་དྲུག་ཐད་ནས་བྱེད་ཐབས་ཁག་20བཏོན་པ་དེའི་དམིགས་ཡུལ་ནི་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་དགེ་རྒན་གྱི་ཆབ་སྲིད་ཀྱི་གནས་བབ་དང་། སྤྱི་ཚོགས་ཀྱི་གནས་བབ། ལས་རིགས་ཀྱི་གནས་བབ་བཅས་མཐོ་རུ་གཏོང་བ་དང་། རྒྱ་ཆེའི་དགེ་རྒན་གྱི་ཐོབ་སྣང་དང་། གཟི་བརྗིད་ཚོར་སྣང་། སྐྱིད་སྣང་བཅས་ཆེ་རུ་བཏང་ནས། ཕུལ་བྱུང་གི་ཤེས་ལྡན་པ་དེ་བས་མང་བས་སྤྲོ་སེམས་ཆེན་པོས་སློབ་ཁྲིད་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་བྱེད་པ། དུས་ཡུན་རིང་པོར་སློབ་ཁྲིད་བྱེད་པ། ཚེ་གང་རིང་སློབ་ཁྲིད་བྱེད་པ་བཅས་ལ་རྒྱབ་སྐྱོར་དང་ཡིད་དབང་འགུག་རྒྱུ་དེ་རེད།
དགེ་རྒན་གྱི་ཐོབ་ཐང་ལ་ཁྲིམས་ལྟར་འགན་ལེན་བྱེད་པའི་ཐད། “དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་བྱེད་ཐབས”ནང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་གཞུང་ཞབས་པའི་གླ་ཆ་དུས་གཅིག་ཏུ་ལེགས་སྒྲིག་བྱེད་པའི་ལམ་སྲོལ་བཙུགས་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཆ་སྙོམས་གླ་ཆའི་ཡོང་འབབ་ཀྱི་ཆུ་ཚད་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཆའི་ཡོང་འབབ་ཀྱི་ཆུ་ཚད་ལས་མི་དམའ་བའམ་མཐོ་བ་ཡོང་བར་འགན་ལེན་བྱེད་དགོས། དགེ་རྒན་ཐོབ་ཐང་གི་འབྲེལ་ཡོད་སྲིད་ཇུས་ཁྲིམས་དང་སྒྲིག་སྲོལ་ལྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་དགེ་རྒན་གྱི་ཡོང་འབབ་ཀྱི་ཐོབ་ཆར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཏོན་ཡོད།
དགེ་རྒན་གྱི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་ཐད། “དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་བྱེད་ཐབས”ནང་ས་གནས་ཁག་དང་སློབ་གྲྭ་ཁག་གིས་ལོ་ལྟར་རང་སྐྱོང་ལྗོངས་ཀྱི་གཟུགས་པོ་བརྟག་དཔྱད་ཀྱི་ཁ་གསབ་ཚད་གཞི་ལྟར་ལས་གནས་ཐོག་ཡོད་པའི་དགེ་རྒན་ལ་གཟུགས་པོ་བདེ་ཐང་གི་བརྟག་དཔྱད་ཐེངས་གཅིག་སྒྲིག་འཛུགས་བྱེད་པ་དང་། དགེ་རྒན་གྱི་བདེ་ཐང་ཡིག་ཚགས་བཟོས་ནས་བདེ་ཐང་གི་མངོན་མེད་རྐྱེན་ངན་ཡོད་པའི་དགེ་རྒན་ལ་དུས་བཀག་ལྟར་བསྐྱར་འདྲི་དང་བདེ་ཐང་གི་མཛུབ་ཁྲིད་བྱེད་དགོས། ལོ་ལྟར་རྒྱལ་ཁབ་ཀྱི་གསོ་སྦྱོང་རྣམ་གྲངས་དང་རང་སྐྱོང་ལྗོངས་ཀྱི་གསོ་སྦྱོང་རྣམ་གྲངས་སོགས་བརྒྱུད་ལྗོངས་ཡོངས་ཀྱི་དགེ་རྒན་ལ་སེམས་ཁམས་བདེ་ཐང་གི་གསོ་སྦྱོང་བྱེད་དགོས། ས་གནས་ཁག་དང་སློབ་གྲྭ་ཁག་གིས་དགེ་རྒན་ལ་སེམས་ཁམས་བདེ་ཐང་གི་ཡིག་ཚགས་བཟོས་ནས། དགེ་རྒན་གྱི་སེམས་ཁམས་གནས་ཚུལ་དང་བློ་འདྲིའི་གནས་ཚུལ་ཐོ་འགོད་བྱས་ཏེ་རྗེས་སྙེག་དང་ཞབས་ཞུ་ཡག་པོ་སྒྲུབ་དགོས་ཞེས་བཏོན་ཡོད།
དགེ་རྒན་གྱི་འཚོ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཐད། “དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་བྱེད་ཐབས”ནང་ལྗོངས་ནང་ཁུལ་གྱི་རྟེན་མཛོད་ཁང་ཁག་དང་། དྲན་གསོ་ཁང་། མཛེས་རྩལ་ཁང་། ཚན་རྩལ་ཁང་། ལོ་ཆུང་བྱིས་པའི་ཕོ་བྲང་སོགས་ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་དང་། དེ་བཞིན་སྤྱི་གླིང་དང་། འགྲེམས་སྟོན་ཁང་། རིག་དངོས་གནའ་ཤུལ། རང་བྱུང་མཛེས་ལྗོངས་ཁུལ་སོགས་ཀྱི་སྤྲོ་གསེང་དང་ལྟ་སྐོར་ས་ཚིགས་ཀྱིས་དགེ་རྒན་ལ་སྒོ་འཛིན་རྩ་ཆག་དང་ཆག་ཡང་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་མཁོ་འདོན་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། ས་གནས་ཁག་དང་སློབ་གྲྭ་ཁག་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དགེ་རྒན་གྱི་རིག་གནས་ལུས་རྩལ་གྱི་བྱེད་སྒོ་སྣ་ཚོགས་དང་། དགེ་རྒན་གྱི་ལུས་རྩལ་འགྲན་ཚོགས། རིག་རྩལ་མཉམ་འཁྲབ་སོགས་གཉེར་ཏེ་དགེ་རྒན་གྱི་ལས་ཞོར་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་བཏོན་ཡོད།
སྤྱི་ཚོགས་འགན་སྲུང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་ཐད། “དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་བྱེད་ཐབས”ནང་དགེ་རྒན་གྱི་ལས་ཤག་རིམ་པ་ཁག་གི་སྡོད་ཁང་འགན་སྲུང་མ་ལག་སྤྱི་འདོམས་ཐག་གཅོད་བྱེད་པའི་ནང་འཇུག་པ་དང་། ཆ་རྐྱེན་དང་འཚམ་པའི་དགེ་རྒན་སྡོད་ཁང་འགན་སྲུང་ཁྱབ་ཁོངས་ནང་འཇུག་དགོས། སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོའི་སྤྱི་ཚོགས་འགན་སྲུང་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་སོགས་རིམ་པ་ཁག་གི་ནོར་སྲིད་འགན་སྲུང་ཁྱབ་ཁོངས་ནང་འཇུག་དགོས། “དགེ་རྒན་དང་ལས་བཟོའི་ཁྱིམ་གཞིས”སྐྲུན་པར་སྐུལ་འདེད་བཏང་ནས་ས་བབ་མཐོ་བའི་སློབ་གྲྭར་དྲོད་རླངས་མཁོ་འདོན་དང་གསོ་རླུང་མཁོ་འདོན་གྱི་འདུ་འགོད་ལག་ལེན་བསྟར་ཏེ་དགེ་རྒན་གྱི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ལ་སེམས་ཁུར་བྱེད་དགོས་ཞེས་བཏོན་ཡོད།
དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཐད། “དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་བྱེད་ཐབས”ནང་ས་གནས་ཁག་དང་སློབ་གྲྭ་ཁག་གིས་བྱེད་སྟངས་སྣ་ཚོགས་སྤྱད་ནས་སློབ་གསོའི་ཆད་གཅོད་བསླབ་འདོམས་ཀྱི་སྒྲིག་སྲོལ་དང་སློབ་གྲྭའི་སྒྲིག་ལམ་དང་སྒྲིག་ཁྲིམས་སོགས་དྲིལ་བསྒྲགས་དང་གསལ་འགྲེལ་བྱས་ནས། ཁྱིམ་བདག་དང་སྤྱི་ཚོགས་ཀྱིས་བསམ་ཤེས་གང་ལེགས་ཐུབ་པར་བྱེད་པ་དང་། དགེ་རྒན་གྱིས་སློབ་གསོའི་འགན་འཁྲི་འཁུར་བར་ཁྲིམས་ལྟར་འགན་ལེན་བྱེད་པ་དང་། དགེ་རྒན་གྱིས་དོ་དམ་སློབ་གསོ་ཧུར་ཐག་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། སློབ་གྲྭ་དང་སློབ་གསོ་གཙོ་གཉེར་སྡེ་ཚན་གྱིས་དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཞེས་བཏོན་ཡོད།
དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་སྣང་ཆེན་བྱེད་པའི་དར་སྲོལ་དར་སྤེལ་གཏོང་བའི་ཐད། “དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་བྱེད་ཐབས”ནང་ས་གནས་ཁག་གིས་འཕྲིན་ཡིག་སྤྲིངས་པ་དང་ཕུལ་བྱུང་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་དགེ་རྒན་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱེད་པ་དང་། དགེ་རྒན་ལས་ཞུགས་དང་། གོ་གནས་འཕར་བ། གཟི་བརྗིད་ལྡན་པའི་ངང་རྒན་ཡོལ་ཞུ་བ་སོགས་བྱེད་སྒོ་བརྒྱུད་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་འཇགས་པ་དང་རྒྱུན་འཛིན་གྱིས་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་བཏོད་དེ། དགེ་རྒན་ཉིད་སྤྱི་ཚོགས་ཀྱི་བརྩི་བཀུར་ཆེ་ཤོས་ཐོབ་པའི་ལས་རིགས་ཀྱི་གྲས་ཤིག་ཏུ་འགྱུར་བར་བྱེད་དགོས་ཞེས་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།