བོད་དང་ཀོང་ཏུང་གི་ཐད་རྒྱུག་ལས་གྲྭ་འཛུགས་སྐྲུན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་པ།
ཧོང་ཁུན་མིང་དང་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ། ཀརྨ་ཚེ་བརྟན་དང་ཝང་ཝེ་ཀྲུང་གིས་གསུང་བཤད་གནང་བ།
ཚེས་16ཉིན། བོད་ཀྱི་ཤར་ལྷོའི་མཚམས་ནས་གཡོད་ཀང་ཨའོ་ཁུག་ཆེན་བར་གྱི་ཆན་ཧྥུའུ་±800ཡི་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གྲྭ(གཤམ་ལ“བོད་དང་ཀོང་ཏུང་གི་ཐད་རྒྱུག་ལས་གྲྭ”ཞེས་བསྡུ་རྒྱུ)འཛུགས་སྐྲུན་གྱི་སྐུལ་སློང་ཚོགས་ཆེན་བརྙན་ལམ་ཚོགས་འདུར་བརྟེན་ནས་བོད་ལྗོངས་དང་། ཀོང་ཏུང་། ཡུན་ནན། ཀོང་ཤིས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་རུ་དུས་གཅིག་ཏུ་འཚོགས་པ་རེད། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་དང་ཀོང་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་ཝང་ཝེ་ཀྲུང་གིས་གསུང་བཤད་གནང་བ་རེད།
ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཞུས་ཡུང་ཁེ་དང་། ཡུན་ནན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ལིའུ་ཡུང་། རྒྱལ་ཁབ་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཀྲི་ཀང་། ལྷོ་ཕྱོགས་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་མོང་ཀྲེན་ཕིང་བཅས་ཀྱིས་གསུང་བཤད་གནང་བ་དང་། ལྷོ་ཕྱོགས་གློག་དྲ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཆན་ཁྲའོ་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་370བཅས་ཀྱི་ཚབ་ཞུས་ནས་ལས་གྲྭ་སྐྲུན་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་། བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཀྱི་པུའུ་ཨུད་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལས་གྲྭའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་མཁན་དང་དེའི་ནང་ཞུགས་མཁན་མི་སྣ་ཡོངས་ལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་ཤིང་། ཁོང་གིས། བོད་དང་ཀོང་ཏུང་གི་ཐད་རྒྱུག་ལས་གྲྭ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་ནུས་རྒྱུའི་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། ལས་གྲྭ་བསྐྲུན་རྗེས། བོད་ཤར་ལྷོའི་ནུས་རྒྱུ་གཙང་མ་གཞི་ཁྱོན་ཅན་གྱི་གསར་སྤེལ་དང“བོད་གློག་ཕྱིར་གཏོང”ལ་སྐུལ་འདེད་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་པར་ཕན་ཐོགས་ཡོད་པ་དང་། ཁྱབ་ཁོངས་དེ་བས་ཆེ་བའི་གློག་ཤུགས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བར་ཕན་ཐོགས་ཡོད་པ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་རམ་འདེགས་ཐུབ་པ། ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པ་བཅས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དེར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་འཛུགས་སྐྲུན་ཁོར་ཡུག་བཟང་པོ་བསྐྲུན་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ལས་གྲྭ་འཛུགས་སྐྲུན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱས་ཏེ་བོད་རང་སྐྱོང་ལྗོངས་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ལ་སྔ་ཙམ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
ཝང་ཝེ་ཀྲུང་གིས་གསུངས་དོན། བོད་དང་ཀོང་ཏུང་གི་ཐད་རྒྱུག་ལས་གྲྭ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་ནུས་རྒྱུའི་བདེ་འཇགས་འཐབ་ཇུས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དེ་བོད་ཤར་ལྷོའི་ས་ཁུལ་གྱི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་སྐྱེ་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་གང་མགྱོགས་བསྒྱུར་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དེ་བས་ལེགས་པ་བྱེད་པར་ཕན་ཐོགས་ཡོད་པ་དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ནུས་རྒྱུ་གསར་པའི་འདྲེན་སྤྱོད་ཆུ་ཚད་དང་གློག་ཤུགས་འགན་ལེན་ནུས་པ་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་ལ། “ཀོང་ཏུང་གསར་པ་ཞིག་སླར་ཡང་སྐྲུན་པ”དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི“གནས་གཅིག་དང་ས་ཁུལ་གཉིས”ཀྱི་གནས་གཏན་འཁེལ་གསར་རྐྱང་ཞིག་བྱེད་པར་ལྗང་མདོག་གློག་ཤུགས་ཀྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱས་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་། རྒྱལ་ཁབ་གློག་དྲ་དང་ལྷོ་ཕྱོགས་གློག་དྲ་གཉིས་ཀྱིས་ཤུགས་སྒྲིལ་མཉམ་ལས་དང་སྤྱི་འདོམས་སྐུལ་འདེད། ལམ་རྒྱུད་ཀྱི་བོད་ལྗོངས་དང་། ཡུན་ནན། ཀོང་ཤིས་བཅས་སྤུན་ཟླའི་ཞིང་ཆེན་གྱི་རྒྱབ་སྐྱོར་དང་གཞོགས་འདེགས་བཅས་ཀྱི་འོག བོད་དང་ཀོང་ཏུང་གི་ཐད་རྒྱུག་ལས་གྲྭའི་དུས་འགོའི་ལས་དོན་ཁག་ལ་བདེ་བླག་ངང་སྐུལ་འདེད་བཏང་བ་དང་དངོས་སུ་སྐྲུན་འགོ་ཚུགས་པར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཁབ་གློག་དྲ་དང་ལྷོ་ཕྱོགས་གློག་དྲས་ཚད་གཞི་མཐོ་བའི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་སྤུས་ཚད་ལས་གྲྭ་དང་། སྤུས་ལེགས་ལས་གྲྭ དཔེ་སྟོན་ལས་གྲྭ་བཅས་སུ་བསྐྲུན་རྒྱུའི་རེ་བ་ཡོད་ལ། སྤུན་ཟླའི་ཞིང་ཆེན་ཁག་གིས་མུ་མཐུད་རྒྱབ་སྐྱོར་དང་མཐུན་སྦྱོར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་རེ་བའང་ཡོད། ཀོང་ཏུང་གིས་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་བོད་དང་ཀོང་ཏུང་གི་ཐད་རྒྱུག་ལས་གྲྭ་དེ་ཤར་ནུབ་རྒྱུད་ཀྱི་ནུས་རྒྱུའི་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་གསར་པ་ཞིག་ཏུ་བཏོད་ནས། ནུས་རྒྱུ་གསར་པའི་སྒོར་དུང་ཕྱུར་ཁྲི་རིམ་པའི་ཐོན་ལས་ཁྱུ་ཚོགས་སྔར་བས་སྟོབས་ཆེར་གཏོང་བ་དང་། ལས་རྣམ་གསར་པའི་གློག་ཤུགས་མ་ལག་དང་ནུས་རྒྱུའི་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་པ། ནུས་རྒྱུའི་ཁྱབ་ཁོངས་ཀྱི་སྒོ་དབྱེ་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་མདུན་གྲལ་དུ་བསྐྱོད་རྒྱུ་ཡིན།
ཞུས་ཡུང་ཁེ་དང་ལིའུ་ཡུང་གིས་གསུངས་དོན། ཀོང་ཤིས་དང་ཡུན་ནན་གྱིས་བོད་དང་ཀོང་ཏུང་གི་ཐད་རྒྱུག་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། འབྲེལ་ཡོད་སྤུན་ཟླའི་ཞིང་ཆེན་དང་མཉམ་དུ་འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་དང་མཉམ་དུ་སྙིང་སྟོབས་ཆེར་སྐྱེད་དང་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་དེ་ལས་གྲྭ་འཛུགས་སྐྲུན་གྱི་མཐུན་སྦྱོར་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས།“གཟེར་འདེབས་ཀྱི་སྙིང་སྟོབས”ལ་བརྟེན་ཏེ་དོན་འཁྱོལ་ལ་དམ་འཛིན་དང་། མྱུར་ཚད་ལ་དམ་འཛིན། སྤུས་ཚད་ལ་དམ་འཛིན་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་བོད་དང་ཀོང་ཏུང་གི་ཐད་རྒྱུག་ལས་གྲྭ་དེ་རྩེར་སོན་གྱི་གློག་ཤུགས་ལས་གྲྭ་ཞིག་ཏུ་ཐུན་མོང་ཐོག་སྐྲུན་གྱི་ཡིན།
ཀྲང་ཀྲི་ཀང་དང་མོང་ཀྲེན་ཕིང་གིས་གསུངས་དོན། རྒྱལ་ཁབ་གློག་དྲ་དང་ལྷོ་ཕྱོགས་གློག་དྲས་ཐོག་མཐའ་བར་གསུམ་དུ་ནུས་རྒྱུའི་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས། རྒྱལ་ཁབ་པུའུ་ཨུད་ཀྱི་ཐུགས་ཁུར་དང་མཛུབ་ཁྲིད་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་རྒྱབ་སྐྱོར་ཤུགས་ཆེན་འོག ཕྱོགས་ཁག་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ་ཚད་གཞི་མཐོ་ཤོས་དང་། སྤུས་ཚད་ལེགས་ཤོས། མྱུར་ཚད་མགྱོགས་ཤོས་བཅས་ཀྱི་ཐོག་ནས་བོད་དང་ཀོང་ཏུང་གི་ཐད་རྒྱུག་ལས་གྲྭ་འཛུགས་སྐྲུན་ཡག་པོ་བྱས་ནས། ལྗང་མདོག་གི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་སྔ་ཙམ་ཐོན་པར་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ནུས་རྒྱུའི་འགན་ལེན་བརྟན་པོ་མཁོ་འདོན་བྱ་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།