དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཟི་ལིང་རི་སྐྱེས་སྲོག་ཆགས་ར་བའི་ཕྱུགས་ནད་སྨན་པ་ཚོགས་པས་ལོ་མང་རིང་གསའ་སྐྱོབ་བཅོས་དང་སྲུང་སྐྱོང་གི་ལས་ལ་གཞོལ་བ།

    “དཀའ་སྡུག་ཇི་ཙམ་འཕྲད་ཀྱང་མཐའ་འཁྱོངས་བྱེད་ཐུབ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཆའོ་ཏུང་། ཆའོ་ཅི་ཝེ།   |     སྤེལ་དུས།  2025-09-17

    འདི་ནི་དབྱང་ཝུན་པིན་གྱིས་གསའ་ལིང་ཞའོ་ཀྲེ་ལ་ཞིབ་བཤེར་དང་སྨན་བཅོས་བྱེད་བཞིན་པ།

    འདི་ནི་ཧུའུ་ཝུན་རུང་གིས་ཕྱུགས་ནད་སྨན་ཁང་དུ་གསའ་ལིང་ཞའོ་ཀྲེ་བརྒྱུད་འདྲེན་བྱེད་བཞིན་པ། གོང་གི་པར་ཚང་མ་ནི་བཅར་འདྲི་བྱ་ཡུལ་གྱིས་མཁོ་འདོན་བྱས་པ།

    འདི་ནི་ཀྲའོ་ཧའེ་ལུང་གིས་རི་དྭགས་སྐྱོབ་སར་སྦྲིད་སྨན་སྡེབ་སྦྱོར་བྱེད་བཞིན་པ།

    འདི་ནི་ལིའུ་ཞུའེ་སུང་གིས་སྲོག་ཆགས་དྲག་སྐྱེད་ཁང་དུ་དུག་སེལ་བྱེད་བཞིན་པ།

    ཡུན་རིང་མ་སོང་བའི་གོང་། མཚོ་སྔོན་ཟི་ལིང་རི་སྐྱེས་སྲོག་ཆགས་ར་བར་གྲོགས་པོ་གསར་པ་གཉིས་སླེབས་པ་སྟེ། གསའ“ལིང་ཞའོ་ཀྲེ”དང“ལིང་ཞའོ་མང”གཉིས་རེད། གསའ་གཉིས་པོ་གང་མགྱོགས་ཟི་ལིང་རི་སྐྱེས་སྲོག་ཆགས་ར་བའི་དོ་སྣང་བྱ་ཡུལ་དུ་གྱུར་པ་མ་ཟད། དྲ་གྲོགས་རྣམས་ཀྱིས་གསའ་གཉིས་པོའི་འགྲོ་སྡོད་གནས་མལ་གང་ཅིར་དོ་ཁུར་ཆེན་པོ་བྱེད་པ་དང་། དེ་གཉིས་སྐྱོབ་པའི་བརྒྱུད་རིམ་ཡང་རིམ་བཞིན་ཡོངས་བསྒྲགས་བྱས་པ་རེད། རྨས་སྐྱོན་ཕོག་ནས་ཉེན་ཁར་གྱར་བའི་གསའ་གཉིས་པོ་རི་སྐྱེས་སྲོག་ཆགས་ར་བར་དྲག་སྐྱེད་ཇི་ལྟར་བྱུང་བ་ཡིན་ནམ། སུས་དེ་དག་ལ་སྲུང་སྐྱོང་བྱེད་བཞིན་ཡོད་དམ། ཉེ་ཆར། འདི་ག་ཚགས་པར་གྱི་གསར་འགོད་པ་ཟི་ལིང་རི་སྐྱེས་སྲོག་ཆགས་ར་བར་བསྐྱོད་ནས་དེ་དོན་རྩད་ཞིབ་གསལ་པོ་བྱས་པ་རེད།

    “ཉེན་ཁ་ལས་བསྐྱབས་པའི་གསའ་ཚང་མ་དཀའ་ངལ་ལས་ཐར་བའི་རེ་བ་ཡོད”

    ད་ལོའི་ཟླ་3ཚེས་4ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་ཟོ་སྐྱ་ཤང་གི་སྐོར་སྲུང་པར་དབུགས་ཆད་ལ་ཉེ་བའི་གསའ་ཕྲུག་ཅིག་རྙེད། ཟི་ལིང་རི་སྐྱེས་སྲོག་ཆགས་ར་བའི་ཕྱུགས་ནད་སྨན་པ་ཀྲའོ་ཧའེ་ལུང་གིས“སྐབས་དེར་གསའ་ཕྲུག་དེའི་མིག་གདང་ཙམ་དང་ཁ་འགུལ་ཙམ་ལས་བྱེད་ཐུབ་ཀྱི་མི་འདུག ཉེན་ཁ་ཧ་ཅང་ཆེན་པོ་འདུག ས་ཡུལ་དངོས་ཀྱི་བརྙན་ལམ་ལ་ལྟ་སྐབས། འཕྲལ་མར་སྨན་ཁང་དུ་སྐྱེལ་རྒྱུ་ལས་ང་ཚོ་ཡུལ་ཤུལ་ལ་སླེབས་པར་སྒུག་བསྡད་ན་ཕྱིས་དྲགས་ཐག་ཆོད་ངེས”ཞེས་བཤད། ཕྱུགས་ནད་སྨན་པ་ཚོས་སྲུང་སྐྱེལ་མི་སྣར་རླངས་འཁོར་ནང་གི་དྲོད་ཚད་རྒྱུན་འཁྱོངས་བྱས་ནས་གསའ་ལ་རྒུན་འབྲུམ་མངར་ཆ་དང་ཆུ་ཁ་གསབ་བྱས་ནས་ཁོང་ཚོ་དང་འབྲེལ་གཏུག་མ་ཆད་པ་བྱེད་དགོས་པའི་མངགས་བཅོལ་བྱས། ཁ་བ་ལྷབ་ལྷུབ་ཏུ་བབས་པའི་མཚན་མོ་དེར་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་སྟོད་དོ་དམ་ཁྲུའུ་ཡི་ལས་དོན་པ་གཉིས་ཀྱིས་རླངས་འཁོར་བཏང་ནས་ལམ་ཐག་སྤྱི་ལེ་1000ཟིན་པའི་ཟི་ལིང་དུ་བསྐྱོད།

    ཟླ་3ཚེས་5ཉིན་གྱི་ཕྱི་དྲོར། གསའ་དེ་ཟི་ལིང་རི་སྐྱེས་སྲོག་ཆགས་ར་བའི་ཕྱུགས་ནད་སྨན་ཁང་དུ་འབྱོར། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། གསའ་དེའི་ལྗིད་ཚད་རྒྱ་མ་20མི་ཟིན་པའི་ཁར། དྲོད་ཤོར་བ་དང་། གཟུངས་ཟད་པ། རུས་པ་ཆག་པ། བཤལ་བ། མཆིན་པའི་བྱེད་ནུས་རྒྱུན་ལྡན་མིན་པ་སོགས་ཀྱི་གནད་དོན་ཡོད་པ་རྟོགས། ཕྱུགས་ནད་སྨན་པ་དབྱང་ཝུན་པིན་གྱིས“གསའ་འདི་མཐོ་ས་ནས་ཟགས་པས་སྐེ་ཚིགས་དང་། བྲང་ཚིགས། སུག་པ་བཅས་ལ་རྨས་སྐྱོན་ཕོག་འདུག”ཅེས་ཕྱིར་དྲན་བྱས་ཏེ་བརྗོད། རྨ་ཁར་སྨན་བཅོས་བྱས་རྗེས་གསའ་དེ་དྲོད་བརྟན་གསོ་རླུང་ཁང་དུ་བསྐྱལ་བ་དང་། ལས་དོན་པས་རེས་མོས་ངང་ལྟ་ཞིབ་བྱས་ནས་མུ་མཐུད་སྨན་ཆུ་བླུག་པ་རེད།

    ཟླ3ཚེས་5ཉིན་ནི་ཏག་ཏག་སྲིན་བུ་འགུལ་བའི་དུས་ཚིགས་ལ་འཁེལ་བས་བསྐྱབས་པའི་གསའ་དེར“ལིང་ཞའོ་ཀྲེ”ཞེས་མིང་བཏགས། ཉིན་20ལྷག་ཙམ་སོང་རྗེས། ལིང་ཞའོ་ཀྲེ་གཞི་རྩའི་ཆར་སླར་གསོ་བྱུང་བ་དང་། ཕྱུགས་ནད་སྨན་ཁང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་སྨན་བཅོས་ཚོགས་པ་དང་མཉམ་དུ་ལིང་ཞའོ་ཀྲེར་རྗེས་མཐུད་སྨན་བཅོས་བྱས་པ་རེད། ཉལ་ནས་ཟས་ཟ་བ་ནས་སྒུར་སྒུར་བྱས་ནས་ཟས་ཟ་བ་དང་། དེ་ནས་ག་ལེར་ཡར་ལངས་པའི་བར་ལིང་ཞའོ་ཀྲེའི་བློ་བརྟན་འགྱུར་མེད་ཀྱི་ཚེ་སྲོག་གི་སྟོབས་ཤུགས་ཀྱིས་མི་མང་པོ་ཞིག་ལ་སེམས་འགུལ་ཐེབས་ཡོད།

    ལིང་ཞའོ་ཀྲེ་ད་ལྟ་ཡར་འཛེག་མར་འབབ་ཐུབ་པ་མ་ཟད་ཡུལ་སྐོར་བ་དང་མཉམ་འགུལ་ཡང་བྱེད་ཐུབ། “འོན་ཀྱང་གསའ་དེའི་རྐང་ལག་ད་དུང་སངས་དྲག་བྱུང་མེད་ལ། རང་རྐྱ་འཕེར་ནས་ཟས་འཚོལ་མི་ཐུབ་པས་ཕྱི་རོལ་དུ་གློད་ཐབས་མི་འདུག”ཅེས་ཀྲའོ་ཧའེ་ལུང་གིས་བཤད།

    ལིང་ཞའོ་ཀྲེ་དང་བསྡུར་ན། ལིང་ཞའོ་མང་གི་གནས་ཚུལ་ཧ་ཅང་ཡག་པོ་ཡོད། ཟླ་6ཚེས་2ཉིན། ནག་རྩི་འདེབས་ཀྱི་དུས་ཚིགས་གོང་། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་གི་འབྲོག་པས་དབྱར་རྩྭ་དགུན་འབུ་འཐུ་སྐབས་གངས་འོག་ཏུ་ལུས་པའི་གསའ་ལིང་ཞའོ་མང་རྙེད། “གསའ་དེར་རྨས་སྐྱོན་ཚབས་ཆེན་ཕོག་མེད་ཀྱང་ལོ་ན་ཆུང་བས་རང་ཉིད་ཀྱིས་རྔོན་བརྒྱབ་ནས་ཟས་འཚོལ་མི་ཐུབ་པ་དང་། ཡུན་རིང་ལྟོགས་པར་ལུས་པའི་དབང་གིས་འཚོ་བཅུད་མི་འདང་བར་གྱུར་ཡོད”ཟླ་6ཚེས་5ཉིན་གསའ་ལིང་ཞའོ་མང་ཟི་ལིང་རི་སྐྱེས་སྲོག་ཆགས་ར་བར་བསུས་ཡོད་ཅེས་ཀྲའོ་ཧའེ་ལུང་གིས་བརྗོད།

    “གསའ་དེས་ཕྱི་བལྟས་བསློགས་ཏེ་ཡུད་ཙམ་སྡོད་པ་ནི་ང་ལ་གྱེས་ཕྱག་འབུལ་བ་དང་འདྲ”

    ཟི་ལིང་རི་སྐྱེས་སྲོག་ཆགས་ར་བར་ཡུལ་སྐོར་བའི་རྒྱུན་ཆད་རྒྱུ་མེད་ཅིང་། ཀྲའོ་ཧའེ་ལུང་གིས་གསར་འགོད་པ་ཁྲིད་ནས་མི་ཚོགས་ཁྲོད་ནས་ཐོན་ཏེ་ཁ་ཁུ་སིམ་པའི་གནས་ཤིག་ཏུ་སླེབས་པ་དང་། སྲོག་ཆགས་ཀྱི་སྐད་སྒྲ་གྲགས་པ་དང་རྩི་ཤིང་གི་དྲི་བསུང་ལྷང་ལྷང་དུ་འཐུལ་ཡོང་། གནས་དེ་ནི་ཟི་ལིང་རི་སྐྱེས་སྲོག་ཆགས་ར་བའི་ཕྱུགས་ནད་སྨན་ཁང་རེད།

    རྫས་བརྟག་ཁང་དང་། གཤགས་བཅོས་ཁང་། སྐྱོང་སྤེལ་ཁང་། དྲག་སྐྱེད་ལོགས་དབྱེ་ར་བ། འགོས་ནད་ལྟ་ཞིབ་ཚད་ལེན་ཁང་སོགས་སོ་སོར་ཡོད་ཅིང་། སྨན་བཅོས་སྒྲིག་ཆས་སྣ་ཚོགས་གང་དགོས་ཅི་འཛོམས་ཡོད། ལས་རེས་ཁང་དུ་ལས་དོན་པས་གློག་མིག་བརྒྱུད་གོང་གསལ་གྱི་ས་ཆ་ཚང་མར་དུས་ཐོག་ཏུ་ལྟ་ཞིབ་བྱེད་ཐུབ།

    “ང་ཚོས་ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་སྐྱོབ་བཅོས་དང་། སྨན་བཅོས། དྲག་སྐྱེད་བཅས་ཀྱི་ལས་ཀའི་འགན་འཁུར་གྱི་ཡོད། གཟན་ཆག་གྲ་སྒྲིག་གི་ལས་ཀ་ཁོ་ནར་ཡང་ཉིན་ལྟར་ཆུ་ཚོད་2ནས་3བར་འགོར་གྱི་རེད”ཅེས་ཀྲའོ་ཧའེ་ལུང་གིས་ངོ་སྤྲོད་བྱེད་ཞོར་འཇིབ་རུ་ཁྱེར་ནས་གནའ་ཕྲུག་གཉིས་ལ་འོ་མ་སྟེར་དུ་སོང་། དྲག་སྐྱེད་ལོགས་དབྱེ་ར་བར་གནའ་བ་གཉིས་ཀྱི་འཁྲིས་སུ་བྱེ་ཐང་ཞི་ལ་དང་ཁྲུང་ཁྲུང་སྐེ་ནག་སོགས་ཡོད། གསའ་ལིང་ཞའོ་ཀྲེ་དང་ལིང་ཞའོ་མང་གཉིས་གནས་དེ་གར་འཚོ་བ་སྐྱེལ་མྱོང་། མིག་སྔར། གསའ་དེ་གཉིས་གསའ་ཚང་དུ་སྤོས་ཟིན་པ་དང་དེ་གར་འགྲོ་སྐྱོད་ཀྱི་བར་མཐོངས་ཆེ་ཙམ་ཡོད།

    ལས་ཀ་བྱས་ཚུན་ཀྲའོ་ཧའེ་ལུང་གི་བག་ཆགས་ཟབ་ཤོས་ནི་2021ལོར་གསའ་ལིང་ཀྲེ་བསྐྱབས་པ་དེ་རེད། དེ་ནི་སྲོག་བསྐྱབས་ནས་རང་བྱུང་ཁམས་སུ་གློད་པ་དང་ཚན་རིག་ཞིབ་འཇུག་གི་ལྟ་ཞིབ་ཚད་ལེན་ཟུང་དུ་སྦྲེལ་བའི་དཔེ་མཚོན་ཞིག་ཀྱང་རེད།

    གསའ་ལིང་ཀྲེ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ནས་མཐོང་བ་རེད། ཀྲའོ་ཧའེ་ལུང་ས་ཆ་དེ་གར་སླེབས་རྗེས་རྐང་འཇབ་ལག་འཇབ་ཀྱིས་གསའ་ལིང་ཀྲེའི་འཁྲིས་སུ་བཅར་ནས་ལྒང་ཕུག་གིས་གསའ་དེར་སྦྲིད་སྨན་བརྒྱབ། ལོ་ཚོད་སྨིན་པའི་གསའ་དེ་གཟུགས་པོ་མི་བདེ་བའམ་ཡང་ན་ཉེན་ཁ་གང་ཞིག་འཕྲད་པ་མིན་ནམ་སྙམ་སྟེ་ཕྱུགས་ནད་སྨན་ཁང་གིས་ཐག་ཉེ་སའི་རང་བྱུང་ཁམས་སུ་མ་གློད་པར་གསའ་དེ་ཕྱུགས་ནད་སྨན་ཁང་དུ་ཁྲིད།

    བརྟག་དཔྱད་བྱས་པ་བརྒྱུད། གསའ་ལིང་ཀྲེའི་གཟུགས་པོ་བདེ་ཐང་ཡིན་པ་དང་གཤིས་ཀ་རྩུབ་པོ་ཡོད་པས་རང་བྱུང་ཁམས་སུ་གློད་པའི་ཆ་རྐྱེན་དང་འཚམ་ཡོད། རང་བྱུང་ཁམས་སུ་མ་གློད་གོང་ཀྲུང་གོ་ཞིང་ལས་སློབ་ཆེན་སྨན་བཅོས་ཚོགས་པས་གསའ་ལིང་ཀྲེར་སྲུང་སྐར་གྱི་སྐེ་སྒོར་གཡོགས། གསའ་ལིང་ཀྲེ་རྒྱུས་མངའ་ཆེ་བའི་ཕྱི་རོལ་དུ་སླེབས་རྗེས་ག་ལེར་མདུན་དུ་བསྐྱོད་པ་དང་། “གསའ་དེས་ཕྱི་བལྟས་བསློགས་ཏེ་ཡུད་ཙམ་སྡོད་པ་ནི་ང་ལ་གྱེས་ཕྱག་འབུལ་བ་དང་འདྲ། དེ་རྗེས་རི་ལུང་དུ་བརྒྱུགས་ཕྱིན་སོང”ཞེས་ཀྲའོ་ཧའེ་ལུང་གིས་བཤད།

    དེ་རྗེས་ཀྱི་ལོ་ཕྱེད་ཙམ་གྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། གསའ་ལིང་ཀྲེའི་འགྲུལ་བཞུད་ལམ་ཐག་སྤྱི་ལེ་790དང་འཚོ་གནས་བྱེད་སའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1700ཙམ་ཟིན་ཞིང་ཕྱི་རོལ་ཁོར་ཡུག་ལ་མི་འཚམ་པ་གང་ཡང་མེད། ཉེ་བའི་ལོ་ཤས་རིང་སྲུང་སྐར་སྐེ་སྒོར་སོགས་ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་སྤྱད་པ་དེས་ཕྱུགས་ནད་སྨན་ཁང་གི་ལས་དོན་ལ་དེ་བས་སྟབས་བདེ་གང་མང་བ་བྱུང་བ་དང་ལས་ཀའི་ཆ་རྐྱེན་ཡང་རིམ་བཞིན་ལེགས་སུ་ཕྱིན་ཡོད། ཀྲའོ་ཧའེ་ལུང་གིས“རང་གིས་བྱེད་འདོད་པའི་ལས་ཀ་བྱེད་རྒྱུ་བྱུང་ན་དཀའ་སྡུག་ཇི་ཙམ་འཕྲད་ཀྱང་མཐའ་འཁྱོངས་བྱེད་ཐུབ”ཅེས་བཤད།

    “མཉམ་འགུལ་བྱེད་སྟངས་བརྒྱུད་མི་དེ་བས་མང་བས་གསའ་ལ་ཤེས་རྟོགས་ཐུབ་པའི་རེ་བ་ཡོད”

    “ངས་ཁྱེད་དང་མཉམ་དུ་པར་བརྒྱབ་ན་ཆོག་གམ”ཞེས་ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་གི་གསའ་ཚང་མདུན་དུ་ཡུལ་སྐོར་བ་ཞིག་གིས་ཀྲའོ་ཧའེ་ལུང་དང་མཉམ་དུ་པར་བརྒྱབ།

    ཀྲའོ་ཧའེ་ལུང་གིས“ང་ཚོས་གཟའ་འཁོར་རེའི་གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་པ་སངས་བཅས་ཀྱི་དགོང་མོར་དམར་ཕྱིའི་ཐད་གཏོང་བྱེད་པ་དང་རི་སྐྱེས་སྲོག་ཆགས་གླིང་གིས་ཀྱང་བརྙན་ལམ་ལས་སྟེགས་ནས་གསའ་ཕྲུག་གི་སྐོར་སྟོན་གྱི་ཡོད། དེར་བརྟེན་ཉེ་དུས་ང་བཙལ་ནས་མཉམ་པར་རྒྱག་མཁན་མང་པོ་འདུག”ཅེས་བཤད།

    ཕྱུགས་ནད་སྨན་ཁང་ནི་ཟི་ལིང་རི་སྐྱེས་སྲོག་ཆགས་ར་བའི་ལྟེ་བའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་ཞིག་ཡིན་པ་དང་དེར་ཀྲའོ་ཧའེ་ལུང་དང་། དབྱང་ཝུན་པིན། ཧུའུ་ཝུན་རུང་། ལིའུ་ཞུའེ་སུང་བཅས་ཕྱུགས་ནད་སྨན་པ་བཞི་ཡོད།

    གསའ་ལིང་ཧྲོང་བསྐྱབས་པ་ནས་བཟུང་ཟི་ལིང་རི་སྐྱེས་སྲོག་ཆགས་ར་བས་གསའ་སྐྱོབ་པའི་མྱུར་ཚད་དང་ཞིབ་ཕྲའི་གནས་ཚུལ་ཕྱིར་ཡོངས་བསྒྲགས་བྱས་པ་དང་། ཀྲའོ་ཧའེ་ལུང་གིས་རྟག་ཏུ་ཐད་གཏོང་ཁང་དུ་ལྟད་མོ་བ་དང་སྤེལ་རེས་བྱེད་ཀྱི་ཡོད་ཅིང་། “ང་ཚོས་མཉམ་འགུལ་བྱེད་སྟངས་བརྒྱུད་མི་དེ་བས་མང་བས་གསའ་ཤེས་རྟོགས་ཐུབ་ནས་གསའ་སྲུང་སྐྱོང་བྱེད་པའི་ལས་དོན་ནང་ཞུགས་རྒྱུའི་རེ་བ་ཡོད”ཅེས་ཀྲའོ་ཧའེ་ལུང་གིས་བཤད། གསའ་ལིང་ཞའོ་ཀྲེ་དང་ལིང་ཞའོ་མང་བསྐྱབས་པ་ནི་འབྲོག་པ་དང་སྐོར་སྲུང་བས་མཐོང་རྗེས་འཕྲལ་དུ་ཟི་ལིང་རི་སྐྱེས་སྲོག་ཆགས་ར་བ་དང་འབྲེལ་བ་བྱས་པ་ཞིག་རེད།

    ཟི་ལིང་རི་སྐྱེས་སྲོག་ཆགས་ར་བ་བཙུགས་པ་ནས་བཟུང་། གསའ་དང་། ཕུའུ་ཧྲི་དགོ་བ། ཁྲུང་ཁྲུང་སྐེ་ནག རྒོད་སོགས་རི་སྐྱེས་སྲོག་ཆགས་རིགས་62ཀྱི་གྲངས་འབོར་2200ལྷག་ཙམ་བསྡུ་ཉར་དང་བསྐྱབས་པའི་ནང་། གསུམ་ཆ་གཅིག་ཙམ་གྱིས་ཕྱི་རོལ་དུ་འཚོ་གནས་ཐུབ་པའི་ནུས་པ་སླར་གསོ་བྱུང་བ་དང་འབྲེལ་བདེ་བླག་ངང་ཕྱི་རོལ་དུ་གློད་ཡོད་མོད། འོན་ཀྱང་ཕྱུགས་ནད་སྨན་ཁང་ལ་སྨན་པ་བཞི་ལས་མེད་པས། ལས་འབོར་ཆེ་བའི་སྐབས་སྨན་པ་མི་འདང་བའི་གནས་ཚུལ་རྒྱུན་དུ་མཐོང་རྒྱུ་ཡོད། དབྱང་ཝུན་པིན་གྱིས“སྲོག་ཆགས་སྐྱོབ་པའི་ལས་ཀ་དཀའ་ཚེགས་ཆེ་མོད། འོན་ཀྱང་ཚང་མའི་སེམས་ཤུགས་ཆེན་པོ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།