བྱེ་རླུང་འཚུབ་འཚུབ་ནས་སྔོ་ཐིང་ཐིང་གི་མཛེས་ལྗོངས་བར།
—— གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་ལོ་ཉི་ཤུའི་སྐྱེ་ཁམས་འགྱུར་ལྡོག་སྐོར་བཀོད་པ།
ཟླ་དགུ་པའི་ས་མཐོར་ནམ་མཁའ་གཡའ་དག་ཅིང་། གནམ་གཤིས་དྲོ་གྲང་སྙོམ། ཡར་ཀླུང་གཙང་པོ་བརྒྱུད་དེ་བྱང་ངོས་སུ་སྐྱོད་པ་ན་གསར་འགོད་པ་དང་བཅས་པ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མར་ཤང་སྲམ་པ་གྲོང་ཚོར་འབྱོར། ལམ་གཡས་གཡོན་གཉིས་ཀྱི་ཞོག་ཁོག་གི་མེ་ཏོག་རླུང་ཕྱོགས་དང་བསྟུན་ནས་ལྡེམ་ལྡེམ་བྱེད་ཅིང་། དེ་སྔའི་སྐྱ་ཐེར་ཐེར་གྱི་གྲམ་ཐང་ད་ཆ་སྔོ་ཐིང་ཐིང་དུ་གྱུར་ཡོད་པ་རེད།
ཡུལ་མི་ཚེ་རིང་དོན་གྲུབ་ཀྱིས་འཛུམ་མདངས་དང་བཅས་སྒེའུ་ཁུང་འཕྱིད་བཞིན་དུ“དེ་སྔ་ཞོགས་པ་སྒྲོག་ཙེ་གཙང་མ་ཕྱིས་ཀྱང་ཕྱི་དྲོ་བྱེ་མ་འཁོར་གྱི་ཡོད། ད་ཆ་ཞོགས་པ་སྒོ་རའི་ནང་གད་ཕྱིས་བརྒྱབ་ན་ཉིན་ཁ་ཤས་གཙང་མར་སྡོད་ཀྱི་འདུག”ཅེས་བཤད།
ལོ་ཉི་ཤུ་ལྷག་ཙམ་གྱི་གོང་དེ་གར་ད་ཆའི་རྣམ་པ་འདི་ལྟ་བུ་མིན་ཞིང་། “རྒྱང་རིང་དུ་ལྟ་སྐབས་བྱེ་མས་ཁེངས་པ་དང་ཐལ་རླུང་འཚུབ་སྐབས་ཁྱིམ་ཡང་མཐོང་མི་ཐུབ”ཅེས་ཚེ་རིང་དོན་གྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད། སྐབས་དེ་དུས་ལུག་འཚོ་སྐབས་ཐར་ཐོར་དུ་སྐྱེས་པའི་གླ་ཚེར་ཕྲན་ཙམ་ལས་མེད། “ལུག་ལྟོགས་ནས་རྩའི་རྩ་བ་ཟ་བ་དང་བྱེ་རླུང་ལྡང་སྐབས་མིའང་འཁྱེར་གྲབས་བྱེད་ཀྱི་ཡོད”ཅེས་ཁོང་གིས་བཤད།
2002ལོ་ནས་སྣང་ཚུལ་དེར་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ཧྲན་ཏུང་ཝུའེ་ཧྥང་གི་བོད་སྐྱོར་ལས་བྱེད་པ་རྣམ་གླིང་རྫོང་དུ་འབྱོར་རྗེས་རྡོ་སྲུབས་སུ་ས་དོང་འདྲུས་པ་དང་བྱེ་ཧྲུག་ཁྲོད་སྡོང་ཕྲུག་བཏབ་སྟེ། “ཐང་རྒོད་སྔོ་ལྗང་ཁུལ་དུ་འགྱུར་བའི”དམ་བཅའ་བཞག་པ་རེད། ཁོང་ཚོས་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་མུའུ་ཁྲི་42ཟིན་པའི་སྐྱེ་ཁམས་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་འཆར་འགོད་བྱས་པ་དང་། 2014ལོར་རང་སྐྱོང་ལྗོངས་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་ལས་གྲྭ་རྣམ་གླིང་རྫོང་དུ་སྤེལ་འགོ་ཚུགས་ཤིང་། སྲམ་པ་གྲོང་ཚོ་སོགས་མ་ལག་བཅོས་སྐྱོང་དུ་བཅུག་ནས་རྒྱ་ཆེ་བའི་ཐང་རྒོད་སྔོ་ལྗང་ཅན་དུ་འགྱུར་འགོ་ཚུགས། 2025ལོའི་བར་དཔེ་སྟོན་ཁུལ་ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་4.88བཏང་བ་ལས་བོད་སྐྱོར་མ་དངུལ་སྒོར་ཁྲི་6000ལྷག་ཙམ་བཏང་ནས་ནགས་བཟོ་མུའུ་ཁྲི་8.82བྱས་པ་དང་། ཤིན་ཅང་གི་སྦྱར་པ་དང་། ཡོ་འབོག གླ་ཚེར་སོགས་སྡོང་ཕྲུག་ཁྲི་288བཏབ་པ། ལྗང་མདོག་བར་ཁྱམས་ཀྱི་ནགས་དྲ་དང་ཆུ་ཡུར་སྤྱི་ལེ་ཁྲི་100བསྐྲུན་པ། སྡོང་ཕྲུག་གསོན་ཚད་92%ཟིན་ཡོད། དེ་སྔའི་གྲམ་ཐང་དེར“ནགས་ཚལ་ཡུག་ཏུ་སྦྲེལ་བ་དང་། ཞིང་ཁ་ཁོད་སྙོམས་པ། ལམ་ཕྱོགས་བཞིར་ཁྱབ་པ། ཆུ་ཡུར་མ་ལག་ཏུ་གྱུར་བ”བཅས་ཀྱི་རྣམ་པ་གསར་པ་མངོན་ཡོད།
སྲམ་པ་གྲོང་ཚོའི་འཕོ་འགྱུར་མངོན་གསལ་དོད་ཅིང་། གྲོང་ཚོ་ཡོངས་སུ་རིམ་རྩིས་བརྒྱབ་ན་ནགས་བཟོའི་རྒྱ་ཁྱོན་མུའུ་6850ཟིན་པ་དང་། སྲམ་པ་གྲོང་ཚོ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་བཅུག་པ། ས་ཞིང་ཁོད་སྙོམས་པོ་བཟོ་བ་དང་ཞིང་ཁ་བཅོས་སྒྲིག་བྱས་རྗེས་ས་རྒྱུ་གཤིན་པོ་མུའུ་2794ནས་མུའུ་4330བར་ཆེ་རུ་ཕྱིན་པ་དང་ཚེ་རིང་དོན་གྲུབ་ཁྱིམ་གྱི་རྨོ་ཞིང་མུའུ་གཉིས་ཆེ་རུ་སོང་ཡོད། ལོ་10ཡི་རིང་རྣམ་གླིང་རྫོང་གི་ས་རྒྱུ་གཤིན་པོ་མུའུ་ཁྲི་20.92བར་ཆེ་རུ་ཕྱིན་ཡོད་པ་རེད།
2020ལོར་ཡོངས་བསྒྲགས་བྱས་པའི“ལེགས་སྒྲིག་གསུམ”གྱི་གྲངས་གཞི་ལས་མངོན་པར། རྫོང་དེ་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་མུའུ་ཁྲི་96བར་མང་དུ་ཕྱིན་པ་དང་སྡོང་ཕྲུག་གསོན་ཚད་92%ཟིན་པ། རྩྭ་ཐང་མུའུ་ཁྲི་7ལེགས་སུ་བཏང་བ་དང་མི་ཐབས་རྩྭ་འདེབས་མུའུ་ཁྲི་7བྱས་པ། བྱེ་འགྱུར་མུའུ་ཁྲི་3.8བཅོས་སྒྲིག་བྱས་པ། ཆུ་བོ་54བཅོས་སྒྲིག་བྱས་པ། རྨོ་ཞིང་90%ལ་ཆུ་འདྲེན་ཐུབ་པ། གཏེར་རི་སྤྱི་ཆིང་24.5ཉམས་གསོ་བྱས་པ། ས་ཆུ་ཤོར་ཚད་སྤྱི་ལེ་ངོས་གྲུ་51བཅོས་སྒྲིག་བྱས་ཡོད། གནམ་གཤིས་སྡེ་ཚན་གྱི་གྲངས་གཞི་ལས་མངོན་པར། དཔེ་སྟོན་ཁུལ་དུ་བྱེ་རླུང་འཚུབ་པའི་ཉིན་གྲངས་2015ལོ་ལས་གསུམ་ཆ་གཅིག་ཉུང་དུ་ཕྱིན་པ་དང་། ལྟེ་བའི་ཁུལ་གྱི་གསོ་རླུང་འདུས་ཚད་5%མང་དུ་ཕྱིན་པ། མཁའ་རླུང་གཤེར་ཚད་10%མང་དུ་ཕྱིན་ཡོད་པ་རེད།
ལྗོན་ཤིང་དང་ས་ཞིང་གི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་སོང་ཡོད། སྲམ་པ་གྲོང་ཚོ་རང་སྐྱོང་ལྗོངས་ཀྱི“གྲོང་ཚོ་རེར་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ཞིག་ཏུ་གྱུར་པ་དང་། གཙོ་ཁྲིད་ཐོན་ལས་ཨེ་མར་ཞོག་ཁོག་གི་ཡོང་འབབ་ཀྱིས་ཞིང་ལས་སྤྱིའི་ཡོང་འབབ་ཁྲོད་བཟུང་བའི་བསྡུར་གྲངས་ལོ་རེ་བཞིན་འཕར་ཏེ་2024ལོར་90%ཟིན་ཡོད། ཞོག་ཁོག་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་གྱིས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། མིག་སྔའི་བར་ཨེ་མར་ཞོག་ཁོག་འདེབས་རྒྱ་མུའུ་2700ཟིན་པ་དང་སྔོན་དཔག་བྱས་ན་འབབ་འཕར་སྒོར་ཁྲི་1385ཟིན་རྒྱུ་རེད།
སྐྱེ་ཁམས་ཀྱི་ཁེ་སྤོགས་ཀྱང་མང་ཚོགས་ཀྱི་ཡོང་འབབ་ལ་གྱུར་ཡོད། རི་སྔོན་གྲོང་ཚོའི་ཡུལ་མི་ཉི་མ་སྲི་ཆོས་ཀྱིས་པའེ་ཤིང་ངལ་ནུས་ཀུང་སི་བཙུགས་ནས་ཡུལ་དེ་གའི་ཕུན་སུམ་ཚོགས་པའི་ནགས་བཟོའི་ཉམས་མྱོང་ལྗོངས་ཡོངས་སུ་ཁྱབ་གདལ་བཏང་བ་དང་། ལོ་3རིང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ལས་མི་6500མཁོ་འདོན་བྱས་པར་ཡོང་འབབ་སྒོར་ཁྲི་6800བྱུང་བ་དང་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1འཕར་ཡོད། སུམ་སྟོང་གྲོང་ཚོའི་དུད་ཚང་68ལ་དུད་ཚང་རེར་ལོ་རེར་ཆ་སྙོམས་ནགས་གསེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་2འཕར་ཡོད། གཞན་ཡང་ལོ་ལྟར་རྫོང་དེ་ཡོངས་ཀྱིས་སྐྱེ་ཁམས་ལས་གནས་ཁ་གསབ་སྒོར་ཁྲི་5000ནས་ཁྲི་6000བར་སྤྲོད་པ་དང་ནགས་སྲུང་བ་མི་རེའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར་ཁྲི་1.3ནས་ཁྲི་2.5བར་ཟིན་གྱི་ཡོད་པ་རེད།
ལོ་ཉི་ཤུའི་རིང་རྣམ་གླིང་རྫོང་གིས“སྔོ་འགྱུར་བྱེ་བཅོས”ཐད་བློ་ཡིད་འཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད།“སྐྱེ་ཁམས་བཅོས་སྒྲིག་དང་། ཐོན་ལས་མཉམ་འདྲེས། མང་ཚོགས་འབབ་འཕར”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་དལ་བུར་སྲིང་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།