རྒྱལ་དར་སྲུང་དམག་རུ་ཁག་གི་རྒྱལ་དར་སྒྲེང་མཁན་ཀྲང་ཝེ་ཡིས་བརྗོད་དོན།“ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་རང་ཉིད་ལ་རེ་བ་འདོན་གྱི་ཡོད”
འདི་ནི་དྲན་གསོའི་ཚོགས་ཆེན་ཐོག་ཀྲང་ཝེ་རྒྱལ་དར་སྒྲེང་བར་སྐྱོད་བཞིན་པ།
ཟླ་9ཚེས་3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ལེན་པ་དང་བསྟུན་ནས། བཅིངས་འགྲོལ་དམག་གཟབ་སྦྲེང་སི་རྟེན་འབྲེལ་མེ་སྒྱོགས་རུ་ཆེན་རྒྱལ་དར་སྲུང་དམག་རུ་ཁག་གི་རྒྱལ་དར་སྒྲེང་མཁན་ཀྲང་ཝེ་ཡིས་སྐར་ལྔའི་དར་དམར་ཤུགས་ཀྱིས་གཡུག་པས། རླུང་ཕྱོགས་དང་བསྟུན་ནས་སྐར་ལྔའི་དར་དམར་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ། ཀྲང་ཝེ་ཡིས“སྐབས་དེར་ང་ཚོས་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་ཅིག་འདེགས་ཐུབ་པའི་ཀ་བ་ལྟ་བུ་དང་མི་རིགས་ཤིག་ནམ་ཡང་མགོ་མི་སྒུར་བའི་དད་སེམས་དེ་ཡིན་པ་ཚོར་བྱུང”ཞེས་བརྗོད།
སྔོན་ཆད་རྒྱལ་དར་སྒྲེང་སྐབས་ཅིན་ཧྲུའེ་ཟམ་པ་ནས་ཐོན་པ་དང་མི་འདྲ་བར་ད་ཐེངས་ཁོང་ཚོའི་ལམ་ཐིག་ནི་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་རྨང་སྟེགས་ནས་དར་སྒྲེང་སྟེགས་བུར་སྐྱོད་པ་དང་། སྨི་220ཡོད་པའི་དམིགས་བསལ་གྱི་ལམ་ཐིག་དེར་ཚད་གཞི་མཐོ་ཤོས་དང་བསམ་པའི་འཁྱེར་སོ་ཡག་ཤོས་ལ་བརྟེན་ནས་ལས་འགན་ལེགས་སྒྲུབ་བྱེད་དགོས་པ་དེ་རེད།
རྒྱལ་དར་སྒྲེང་མཁན་ནི་རྒྱལ་དར་སྲུང་སྐྱོབ་རུ་ཁག་གི“སྣེ་ཁྲིད་དམག”ཡིན་པའི་ངོས་ནས་མདུན་སྐྱོད་བྱེད་སྐབས། རླུང་ཤུགས་ཆེ་ཆུང་གང་རུང་ལ་མ་བལྟོས་པར་ངེས་པར་དུ་དམག་མིའི་ཉམས་འགྱུར་ཚད་དང་ལྡན་པ་དང་། གོམ་ཞེང་རྦད་དེ་ཡང་དག་པ། གོམ་འགྲོས་བརྟན་ཞིང་ལྷིང་པ། ཁ་ཕྱོགས་རྦད་དེ་འདྲོང་པོ་བཅས་ཡོང་བར་བྱེད་དགོས་པ་དང་། དར་ཆ་འགྲེམ་སྐབས་རླུང་ཕྱོགས་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ངེས་པར་དུ་རྒྱལ་དར་བདེ་བླག་ངང་འགྲེམས་ཐུབ་པའི་འགན་ལེན་བྱེད་དགོས། འཕྱུགས་པ་གཏན་ནས་མེད་པར་བྱ་ཆེད། ཀྲང་ཝེ་ཡིས་ཉིན་ལྟར་དར་ཆ་འགྲེམས་སྟངས་ཡང་ཟློས་བསྐྱར་ཟློས་ངང་སྦྱོང་གི་ཡོད།
རྒྱལ་དར་མཐོན་པོར་བསྒྲེངས། འགན་འཁྲི་ཕྲག་ཏུ་ཁུར། “རྒྱལ་དར་སྲུང་སྐྱོབ་རུ་ཁག་གི་ཁོངས་མི་ཚང་མའི་སེམས་ནང་རྒྱལ་དར་ནི་ཚེ་སྲོག་ལས་གལ་ཆེ་བ་ཞིག་ཡིན”ཞེས་ཀྲང་ཝེ་ཡིས་བརྗོད་པ་དང་། ཁོང་གིས“ང་ཚོས་ངེས་པར་དུ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་རང་ཉིད་ལ་རེ་བ་འདོན་པ་དང་། སྒྲེང་སྟངས་ཡག་ཤོས་ལ་བརྟེན་ནས་རྒྱལ་དར་བསྒྲེངས་ཏེ། ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།