ཀྲུང་ལུགས་སྨན་རྫས་ཐོན་སྐྱེད་ལྟ་འདོམས་ཀྱི་ཆེད་དོན་གཏན་འབེབས་ཡོངས་བསྒྲགས་བྱས་པ།
འཁོར་འབྲེལ་ཧྲིལ་པོ་དང་། ལྷུ་ཚིགས་ཧྲིལ་པོ། བརྒྱུད་རིམ་ཧྲིལ་པོ་བཅས་ ཀྱི་སྤུས་ཚད་ལ་ཚོད་འཛིན་མངོན་གསལ་དོད་པོ་བྱེད་དགོས།
ཉེ་ཆར། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས《ཀྲུང་ལུགས་སྨན་རྫས་ཐོན་སྐྱེད་ལྟ་འདོམས་ཀྱི་ཆེད་དོན་གཏན་འབེབས》ཡོངས་བསྒྲགས་བྱས་ཤིང་། གཏན་འབེབས་དེ་2026ལོའི་ཟླ་3ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
གཏན་འབེབས་ནང་ཀྲུང་ལུགས་སྨན་རྫས་ཀྱི་གཞི་རྩའི་དོ་དམ་ཚོད་འཛིན་དང་ཐོན་སྐྱེད་ཚད་ལྡན་བྱེད་པ་ནས་སྨན་རྫས་བཟོ་གྲྭ་ནས་ཕྱིར་གཏོང་དང་། ཁྲོམ་རར་བཏོན་རྗེས་ཀྱི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་དང་། ཉེན་ཁ་ཚོད་འཛིན་སོགས་ཀྱི་འཁོར་འབྲེལ་ཧྲིལ་པོ་དང་། ལྷུ་ཚིགས་ཧྲིལ་པོ། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་སྤུས་ཚད་ལ་ཚོད་འཛིན་མངོན་གསལ་དོད་པོ་བྱེད་དགོས་པ་དང་། ཀྲུང་ལུགས་སྨན་རྫས་ཐོན་སྐྱེད་དང་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་འབྱུང་རྩའི་གནད་དོན་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ། དམིགས་སའི་རང་བཞིན་གྱི་ཐག་གཅོད་བྱེད་ཐབས་འདོན་པ་དང་ཀྲུང་ལུགས་སྨན་རྫས་ཚད་ལྡན་ཅན་ལ་འཕེལ་རྒྱས་གཏོང་བར་དམིགས་ནས། ཀྲུང་ལུགས་སྨན་རྫས་ཐོན་སྐྱེད་ཐད་ལ་སྒྱུར་བཀོད་རིམ་སྤོར་མགྱོགས་པོ་བྱེད་པར་ལྕག་སྐུལ་བྱས་ཏེ་གྲངས་འཛིན་རིག་ནུས་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།
ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་ལ་དཔྱད་དཔོག་བྱེད་པ་དང་། མཁོ་འདོན་ཚོང་པའི་ཞིབ་དཔྱད་ལ་ཤུགས་སྣོན་རྒྱག་པ། ཀྲུང་ལུགས་སྨན་རྫས་ཐོན་སྐྱེད་ཀྱི་སྤུས་ཚད་དོ་དམ་ཚད་གཞི(ཀྲུང་ལུགས་སྨན་རྫས་GAP)གོ་རིམ་ལྡན་པའི་སྒོ་ནས་ཁྱབ་སྤེལ་གཏོང་བ། ཀྲུང་ལུགས་སྨན་རྫས་ཁེ་ལས་ཀྱིས་སྤུས་ཚད་དོ་དམ་མ་ལག་དེ་ཀྲུང་ལུགས་སྨན་རྫས་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་སྣུར་སྲིང་བྱེད་པར་ཁྲིད་སྟོན་བཅས་བྱས་ནས། ཀྲུང་ལུགས་སྨན་རྫས་མཁོ་སྤྲོད་བྱེད་པའི་བར་མཚམས་ཀྱི་ལྷུ་ཚིགས་ཉུང་དུ་གཏོང་དགོས། ཐོན་སྐྱེད་བརྒྱུད་རིམ་གྱི་སྤུས་ཚད་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། བཟོ་རྩལ་ར་སྤྲོད་གཏན་འབེབས་ལེགས་སུ་གཏོང་བ། ཆ་སྙོམས་ཅན་གྱི་ཐག་གཅོད་དང་སྨན་རྫས་རྒྱུ་ཆ་ལེན་པའི་ཡོ་ཁྱད་ཚོད་འཛིན་གྱི་བླང་བྱ་ཁ་གསལ་བཟོ་བ། ཀྲུང་ལུགས་སྨན་རྫས་མངགས་བཅོལ་དང་། མངགས་བཅོལ་བྱ་ཡུལ་གྱི་ཐོན་སྐྱེད་དང་ཐོན་སྐྱེད་སླར་གསོ་བཅས་ཀྱི་ཞིབ་འཇུག་ར་སྤྲོད་དང་དེ་བཞིན་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་ལུགས་སྨན་རྫས་ཀྱི་སྨན་ཁབ་ཐོན་སྐྱེད་ལ་ལྟ་འདོམས་ནན་པོ་བཅས་བྱས་ནས་ཁེ་ལས་ཀྱིས་ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་འགན་ལེན་བྱེད་པར་ལྟ་སྐུལ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།