དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད” ཅེས་པའི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་ནང་། “ཚང་མས་འཕྲིན་ཡིག་ནང་དུ་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་ཡག་པོ་བརྗོད་འདུག”ཅེས་གསུངས་ཡོད། དེ་ནས་བཟུང་། བབ་ཆགས་པའི་སྐད་ཆ་དེ་ཀྲུང་གོའི་ས་གཞི་ཆེན་པོར་གྲགས་པ་དང་གངས་ལྗོངས་ས་མཐོར་ཡོངས་སུ་ཁྱབ། “གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པ་འདི་ནི་འབོད་ཚིག་སྟོང་པ་ཞིག་མིན་པར། མར་ཁེ་སི་རིང་ལུགས་སྲིད་ཏང་གི་ངོ་བོ་དང་དམིགས་ཡུལ་གཞིར་བཟུང་ན་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་ཏན་ཏིག་རྙེད་ཐུབ།

    མར་ཁེ་སི་རིང་ལུགས་སྲིད་ཏང་གི་ངོ་བོས་དེ་དང་མི་དམངས་ཀྱི་བདེ་སྐྱིད་དམ་དུ་འབྲེལ་བ་གཏན་འཁེལ་བྱས་ཡོད། མར་ཁེ་སི་རིང་ལུགས་ཀྱིས་སྲིད་ཏང་ནི་གྲལ་རིམ་ལས་བྱུང་བ་ཞིག་ཡིན་པ་དང་། འབྱོར་མེད་གྲལ་རིམ་སྲིད་ཏང་ནི་ཆེས་སྔོན་ཐོན་གྲལ་རིམ་གྱི་མཚོན་བྱེད་ཅིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་རང་ཉིད་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པ་དང་ཆབས་ཅིག ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཀྱང་ཡིན་པ་ཁ་གསལ་བསྟན་ཡོད། ངེས་གནས་འདི་འདྲ་ལས་དེར་རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་མེད་པར་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་པ་མཚོན་ཡོད། ལོ་རྒྱུས་ཐོག་བཤུ་གཞོག་གྲལ་རིམ་སྲིད་ཏང་གིས་རྟག་ཏུ་མི་ཉུང་ཤས་ཀྱི་ཆེད་དུ་སྒེར་ཕན་དོན་གཉེར་བྱེད་པ་དང་། མར་ཁེ་སི་རིང་ལུགས་སྲིད་ཏང་གི་འགན་འཁྲི་ནི་བཤུ་གཞོག་གི་ལྕགས་སྒྲོག་གཏོར་ནས་མི་མང་ཆེ་བ་གཉའ་གནོན་ལས་ཐར་བར་བྱེད་རྒྱུ་དེ་རེད། ངོ་བོ་འདི་རིགས་ཀྱིས་དེ་ཉིད་དབུ་བརྙེས་པ་ནས་བཟུང“མི་དམངས་རྣམས་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པར་བྱེད་པ”དེ་གཞི་རྒྱུའི་ནང་འདྲེས་པར་བརྟེན། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཕྱོགས་སུ་མདུན་སྐྱོད་བྱེད་ངེས་རེད།

    མར་ཁེ་སི་རིང་ལུགས་སྲིད་ཏང་གི་དམིགས་ཡུལ་ནི་མི་དམངས་ཀྱི་བདེ་སྐྱིད་ལ་ཐད་ཀར་ཕྱོགས་ཤིང་། “བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ”ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་དམིགས་ཡུལ་ཡིན་པ་དང་། དེའི་ཤུགས་སུ་མངོན་པ་ནི་མར་ཁེ་སི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་རེད། མར་ཁེ་སི་རིང་ལུགས་ཀྱིས་མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་ཐོན་སྐྱེད་བྱེད་མཁན་ཡིན་ལ། སྤྱི་ཚོགས་འཕོ་འགྱུར་གྱི་ཐག་གཅོད་སྟོབས་ཤུགས་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། སྲིད་ཏང་གིས་མི་དམངས་ལ་བརྟེན་པ་དང་མི་དམངས་ཀྱི་ཆེད་དུ་ལས་དོན་བསྒྲུབས་ཚེ་གཞི་ནས་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་དངོས་འབྲེལ་གཏོང་ཐུབ། ཀྲུང་གོ་གུང་ཁྲན་ཏང་གིས་དམིགས་ཡུལ་འདི་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་ནས་གསར་བརྗེ་དང་། འཛུཌ་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཚང་མར་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་པར་འབད་འཐབ་བྱས་ཡོད། དམིགས་ཡུལ་ལག་ལེན་བསྟར་བའི་བརྒྱུད་རིམ་ནི་མི་དམངས་ཀྱི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་བརྒྱུད་རིམ་ཞིག་ཡིན།

    མར་ཁེ་སི་རིང་ལུགས་སྲིད་ཏང་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་ཡོད་པས། བདེ་སྐྱིད་ཀྱི་ལམ་བུར་སྐྱོད་པའི་ཐབས་ལམ་གནད་འཁེལ་འཚོལ་ཐུབ། མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་སྟོན་བྱས་ཏེ་སྲིད་ཏང་ལ་རང་ཉིད་ཀྱི་ཕུགས་འདུན་ཆེ་ཤོས་དང་མཐར་ཐུག་གི་དམིགས་ཡུལ་ཤེས་སུ་བཅུག་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མིག་སྔར་གཞི་ཚུགས་ནས་ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་དམངས་འཚོའི་དཀའ་གནད་ཐག་གཅོད་བྱས་ཡོད་ལ། ཕུགས་ལ་དམིགས་ནས་ཐུན་མོང་འབྱོར་ཕྱུག་གི་འཆར་གཞི་ཡང་བཀོད་ཡོད། དེ་ནི་ཕྱོགས་གཏོགས་ཁ་ཤས་ཀྱིས་དུས་ཐུང“ཕན་བདེའི་གཡོ་ཐབས”ཁོ་ན་བྱེད་པ་དང་མི་འདྲ་བར། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་གིས་འཕེལ་རྒྱས་གཏོང་རིང་གནད་དོན་ཐག་གཅོད་བྱེད་ཐུབ་པ་དཔེར་ན། དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཚང་མར“དངུལ་ཡོད་པ”དང་། འགན་སྲུང་འཐུས་སྒོ་ཚང་དུ་བཏང་ནས་ཚང་མས“དངུལ་སྤྱོད་ཕོད་པ” སྐྱེ་ཁམས་ལ་སྲུང་སྐྱོང་བྱས་ནས་ཚང་མའི“སྡོད་གནས་སྐྱིད་པོ་ཡོང་བ”བཅས་བྱས་པ་དེ་ཡིན་ཞིང་། བྱ་ཐབས་ཏན་ཏིག་དེ་དག་ཚང་མ་ནི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་འདེགས་སྐྱོར་བྱས་པའི“བདེ་སྐྱིད་ཀྱི་འཆར་གཞི”ཡིན།

    མཐར་གཏུགས་ནས་བརྗོད་ན། གུང་ཁྲན་ཏང་དང་མི་དམངས་དབར་གྱི་འབྲེལ་བ་ནི“ཉ་ཆུ་ལྟ་བུའི་འབྲེལ་བ”ཡིན་ཞིང་། ཏང་གིས་མི་དམངས་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་བྱེད་པ། མི་དམངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་ཡོད། ངོ་བོ་དང་དམིགས་ཡུལ་ལ་གཞིགས་པའི་འབྲེལ་བ་དམ་ཟབ་འདི་རིགས་ལས“གུང་ཁྲན་ཏང་གི་རྗེས་སུ་འབྲངས་པ”ནི་གཞན་དབང་གི་གདམ་ག་ཞིག་མིན་པར། མི་དམངས་ཀྱིས་བདེ་སྐྱིད་བརྩོན་ལེན་བྱེད་པའི་རང་འགུལ་གྱི་རྟེན་ས་ཞིག་ཡིན་པ་མངོན་ཡོད། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་ལངས་པ་དང་མི་དམངས་ཀྱི་ཆེད་དུ་ཕུགས་རྩིས་རྒྱག་པའི་ཏང་ཞིག་གིས་ཚང་མར་དེ་བས་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་སྐྲུན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།