《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
(2024ལོའི་ཟླ་11ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2024〕ཡིག་ཨང་16པ།
《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》འདི་2024ལོའི་ཟླ་11ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་སྤྱི་བསྒྲགས་སྤེལ་རྒྱུ་ཡིན་ཞིང་། 2025ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2024ལོའི་ཟླ་11ཚེས་28ལ།
དོན་ཚན་དང་པོ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགྲན་སློང་ལ་འགོག་ཟོན་དང་ཁ་གཏད་གཅོག་པ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་དོན་དང་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བ་ཡོད་པའི་བྱེད་སྒོའི་རིགས་ལ་བྱ་ཐབས་འདི་སྤྱད་ན་འཐུས།
དོན་ཚན་གསུམ་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་སྒྲུབ་པར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་ཏེ། གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ཀྱིས་མི་དམངས་ཀྱི་བདེ་འཇགས་དང་། ཆབ་སྲིད་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་གོང་བཀུར་བཅས་ཟུང་འབྲེལ་དམ་ཚགས་ཡོང་བ་མཐའ་འཁྱོངས་བྱེད་དགོས།
རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་སྒྲུབ་པར་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། སྔོན་འགོག་གཙོ་བོར་འཛིན་པ། རྩ་ལག་མཉམ་བཅོས། ཆེད་ལས་མི་སྣ་དང་མང་ཚོགས་ཟུང་འབྲེལ། ཐུན་མོང་ཐོག་བདེ་འཇགས་ཡོང་བ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་། སྤྱི་དམངས་ཀྱི་ཁེ་དབང་དང་རང་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བཅས་བྱེད་དགོས།
དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཚན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་དོན་གྲོས་མཐུན་སྦྱོར་བྱེད་འགན་འཁུར་ནས། རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་དང་། རྒྱལ་ཁབ་བདེ་འཇགས་ཀྱི་བྱེད་ཕྱོགས་སྲིད་ཇུས། ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་བཅས་ལག་བསྟར་བྱེད་པར་སྒྲིག་འཛུགས་དང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ཀྱི་དོན་དག་གལ་ཆེན་དང་ལས་དོན་གལ་ཆེན་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་དགོས།
གྲོང་ཁྱེར(ས་ཁུལ)དང་རྫོང་(གྲོང་ཁྱེར་དང་ཆུད)བཅས་ཀྱི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གཅིག་གྱུར་འཆར་འགོད་དང་། མཐུན་སྦྱོར། སྒྲིག་འཛུགས་བཅས་བྱེད་འགན་འཁུར་ནས། ཀྲུང་དབྱང་གི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་དང་། བྱེད་ཕྱོགས་སྲིད་ཇུས། དེ་བཞིན་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་། མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་བཅས་བྱེད་པར་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་གཙོ་གནད་ལས་དོན་སྤེལ་རྒྱུར་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་དགོས།
རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཚན་གཞུང་ལས་ཁང་གིས་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཚན་གྱི་རྒྱུན་གཏན་ལས་ཀར་འགན་འཁུར་དགོས།
དོན་ཚན་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས།
གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཉེན་ཁ་འགོག་ཟོན་དང་། འཕྲལ་སྡོམ་ཐག་གཅོད། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་དྲུག་པ། འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ཁག་བགོས་གཞིར་བཟུང་། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་དང་། བྱེད་ཕྱོགས་སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལག་བསྟར་བྱས་ཏེ། ཁོངས་གཏོགས་དེ་ག་དང་ཁྱབ་ཁོངས་དེ་གའི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་དགོས།
ཁྲིམས་འཛིན་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་འགན་དབང་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ཉེས་གསོག་སྔོན་འགོག་དང་ཁྲིམས་གཅོད་བྱེད་དགོས།
དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་གལ་ཆེའི་ཆེད་དོན་ལས་ཀའི་མཐུན་སྦྱོར་ལམ་སྲོལ་དང་། སྡེ་ཚན་ལས་བརྒལ་བའི་གྲོས་མོལ་ལས་ཀའི་ལམ་སྲོལ། དེ་བཞིན་ས་ཁུལ་དབར་དང་། སྡེ་ཚན་དབར། དཔུང་སྡེ་དང་ས་གནས་དབར་བཅས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་མཉམ་སྒྲུབ་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་དགོས།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་འགན་སྲུང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་འགྲོ་གྲོན་འགན་སྲུང་དང་དེ་བཞིན་རྒྱལ་ཁབ་བདེ་འཇགས་ཀྱི་མཁོ་དགོས་དངོས་རྫས་དང་། ལག་རྩལ། སྒྲིག་ཆས་སོགས་སྲུང་སྐྱོང་དང་གསར་བཟོ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་དགོས།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་ཡོང་བར་མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤྱི་དམངས་དང་རྩ་འཛུགས་ཁྲིམས་ལྟར་རྒྱལ་ཁབ་བདེ་འཇགས་ལས་དོན་ནང་ཞུགས་པར་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་རིགས་ལ་དོགས་ཟོན་དང་། བཀག་སྡོམ། ཐེར་འདོན་བཅས་བྱེད་དགོས།
སྤྱི་དམངས་སུ་ཞིག་དང་རྩ་འཛུགས་གང་ཞིག་ཡིན་རུང་ཚང་མར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་འགན་འཁྲི་དང་འོས་འགན་ཡོད།
དོན་ཚན་བཅུ་པ། སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གཤམ་གསལ་བྱེད་སྒོ་སྤེལ་མི་ཆོག་པ་སྟེ།
(གཅིག) རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་གཏམ་བརྗོད་ཁྱབ་སྤེལ་དང་བརྒྱུད་བསྒྲགས་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་དཔེ་དེབ་དང་། པར་རིས། མཚོན་རྟགས། སྒྲ་ཕབ་བརྙན་འཇུག་གི་དངོས་རིགས་སོགས་བཟོ་བ་དང་། ཁྱབ་སྤེལ། བརྒྱུད་བསྒྲགས་བཅས་བྱེད་རིགས་དང་།
(གཉིས) རྒྱལ་ཁབ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་གཏོར་བཤིག་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་དང་། ཇུས་འགོད། བཀོད་འདོམས། ལག་བསྟར། ངན་སྐུལ། དེའི་ནང་ཞུགས་པ་བཅས་བྱེད་རིགས།
(གསུམ) མིང་གང་རུང་ལ་ཁ་གཡར་ནས་སིམ་འཛུལ་དང་གཏོར་བརླག་རྩ་སློག་བྱེད་སྤྱོད་དང་། གཏུམ་སྤྱོད་འཇིགས་སྐུལ་བྱེད་སྤྱོད། མི་རིགས་ཁ་ཕྲལ་བྱེད་སྤྱོད། ཆོས་ལུགས་མཐར་འཛིན་བྱེད་སྤྱོད་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་ལ་རོགས་དངུལ་སྤྲོད་པའམ་ཡང་ན་རམ་འདེགས་བྱེད་རིགས།
(བཞི) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འགོག་བྱས་པའི་བྱེད་སྤྱོད་གཞན་དག་བཅས་སོ།
དོན་ཚན་བཅུ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ཁྲོད་བྱས་རྗེས་གཟེངས་སུ་ཐོན་པ་འཇོག་མཁན་མི་སྒེར་དང་རྩ་འཛུགས་ལ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།
དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ཆབ་སྲིད་བདེ་འཇགས་ཁྱབ་ཁོངས་ནང་གི་རྒྱལ་ཁབ་བདེ་འཇགས་ཀྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་བརྒྱབ་ནས། རིགས་མི་འདྲ་བའི་སིམ་འཛུལ་དང་གཏོར་བཤིག་རྩ་སློག་བྱེད་སྤྱོད་དང་། གཏུམ་སྤྱོད་འཇིགས་སྐུལ་བྱེད་སྤྱོད། མི་རིགས་ཁ་ཕྲལ་བྱེད་སྤྱོད། ཆོས་ལུགས་མཐར་འཛིན་བྱེད་སྤྱོད་བཅས་ལ་ཉེན་ཟོན་དང་ཉེས་ཆད་ནན་པོ་གཅོད་དགོས་པ་དང་། ཁྱབ་ཁོངས་གཞན་གྱི་ཉེན་ཁའི་རིགས་ཆབ་སྲིད་བདེ་འཇགས་ཀྱི་ཁྱབ་ཁོངས་སུ་མ་མཆེད་སྔོན་འགོག་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་ལམ་ལུགས་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་ཀྱིས་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་དང་། དེ་བཞིན་ཕུགས་བསམ་དད་སེམས་དང་བོད་ལྗོངས་གསར་རྙིང་བསྡུར་བའི་སློབ་གསོ་བཅས་རྒྱུན་རྣམ་ཅན་དུ་སྤེལ་ནས་གོ་བདེ་ཞིང་རྟོགས་སླ་བའི་ངང་ཏང་གི་གསར་གཏོད་རིགས་གཞུང་དྲིལ་བསྒྲགས་ཁྱབ་གདལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། དྲ་བ་དང་སྤྱི་ཚོགས་ཀྱི་གླེང་ཚུལ་བསྡུ་རུབ་དང་། མཐའ་གཅོད། ཁྲིད་སྟོན་བཅས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་རིགས་འགོག་སེལ་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་དང་། ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག གསར་ཐོན་དྲ་ཐོག་ཉེས་གསོག དེ་བཞིན་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་ཉེས་གསོག་གཞན་དག་བཅས་འགོག་ཟོན་དང་། བཀག་སྡོམ། ཁྲིམས་ལྟར་ཉེས་ཆད་གཅོད་པ་བཅས་བྱ་རྒྱུ་མ་ཟད། སྤྱི་ཚོགས་བདེ་འཇགས་སྤྱི་ཡོངས་ཀྱི་འགོག་ཟོན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་གཞན་དག་འགན་སྲུང་ཐུབ་པ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་བྱེད་ཤུགས་ཆེ་རུ་འགྲོ་བ་བྱས་ཏེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྒར་རེས་རྣམ་པའི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་ཁོར་ཡུག་གཏོད་པ། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། མི་རིགས་ཀྱི་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་དང་། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་རིགས་ཉེན་ཟོན་དང་སེལ་ཐབས་བྱས་ཏེ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་གཏོང་དགོས།
དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་ལས་དོན་གྱི་དོ་དམ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་མཐུན་ལ་སྲུང་སྐྱོབ་དང་། ཁྲིམས་མིན་ལ་བཀག་སྡོམ། མཐར་འཛིན་ལ་གཏན་འགོག སིམ་འཛུལ་ལ་ནན་འགོག ཉེས་གསོག་ལ་རྡུང་རྡེག་བཅས་བྱས་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་དང་། ཆོས་ལུགས་ཀྱི་ཁྲིམས་སྲོལ་སྲིད་ཇུས། རྒྱལ་ཁབ་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཞིང་། ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ། རང་ངོས་དོ་དམ་བཅས་ཟུང་འབྲེལ་བྱེད་པའི་ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་དགོས།
དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་གོང་འཕེལ་བཏང་ཐོག འགལ་ཟླ་དང་རྩོད་གཞི་མི་ཐོན་སྔོན་འགོག་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གཞི་རིམ་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། ཚུལ་སྐྱོང་བཅས་ཟུང་དུ་སྦྲེལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་རྩ་འཛུགས་དང་། ཡུལ་སྲོལ་དམངས་ཆིངས། གྲོང་མིའི་སྤྱི་ཆིངས་བཅས་ཀྱི་ནུས་པ་བཏོན་ནས་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་བཅོས་སྐྱོང་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་མ་ཟད། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་སྔོན་སྤེལ་ཁུལ་གཏོད་ནས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁྲོམ་རའི་མཁོ་སྤྲོད་འགན་སྲུང་དང་འགྲེམ་སྐྱེལ་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་གལ་ཆེན་དང་། ཐོན་ལས་གལ་ཆེན། དེ་བཞིན་ཐོན་ལས་འཁོར་འབྲེལ། མཁོ་སྤྲོད་འཁོར་འབྲེལ་བཅས་ཀྱི་བདེ་འཇགས་འགན་སྲུང་བྱས་ཏེ། ནུས་ཁུངས་གཙང་མ་དང་། ཡུལ་སྐོར་རིག་གནས། ས་མཐོའི་སྐྱེ་དངོས། འབྱུང་འཕྲོད་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་འཛིན། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་སོགས་སྲོལ་རྒྱུན་ཐོན་ལས་དང་གསར་དར་ཐོན་ལས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས།
རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་བའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔལ་འབྱོར་ཐད་ཀྱི་གལ་ཆེའི་ཇུས་ཐག་གཅོད་ཕྱོགས་ལ་ཉེན་ཟོན་ཚོད་སྐོར་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་ཀྱིས་ས་གནས་དངུལ་རྩའི་ལྟ་སྡོམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོལ་བྱུང་རང་བཞིན་གྱི་དངུལ་རྩའི་ཉེན་ཡོད་དོན་རྐྱེན་གྱི་འཕྲལ་སྡོམ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ས་གནས་ཀྱི་དངུལ་རྩར་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ཉེན་ཁ་ལྟ་ཞིབ་དང་སྔོན་བརྡ་གཏོང་རྒྱུ་སྒྲིག་འཛུགས་བྱེད་པ། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་གཏོང་བ། ས་ཁོངས་རང་བཞིན་དང་ཁོངས་གཏོགས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་དང་ས་གནས་སྲིད་གཞུང་གི་བུན་ཉེན་ལ་འགོག་ཟོན་དང་སེལ་ཐབས་བཅས་བྱས་ཏེ། དངུལ་རྩ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
དོན་ཚན་ཉི་ཤུ་པ། རང་སྐྱོང་ལྗོངས་ཀྱིས་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ལག་ལེན་བསྟར་ནས། ཐོན་སྐྱེད་དང་། མཁོ་སྤྲོད། གསོག་ཉར། ཕྱིར་འཚོང་བཅས་ཀྱི་མ་ལག་དང་ཉེན་ཁའི་ལྟ་སྡོམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་པ། ཚན་རྩལ་གསར་གཏོད་དང་དཔེ་སྟོན་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ས་ཁོངས་གལ་ཆེན་དང་། སྒྲིག་བཀོད་གལ་ཆེན། དམིགས་ཚད་གལ་ཆེན་བཅས་ཀྱི་ནུས་ཁུངས་བེད་སྤྱོད་འགན་སྲུང་དང་དེ་བཞིན་གཙོ་གནད་ནུས་ཁུངས་ཀྱི་སྒྲིག་བཀོད་དང་ནུས་ཁུངས་དྲ་སྦྲེལ་གྱི་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་འཆར་འགོད་ལྟ་སྡོམ་ཡག་པོ་བཅས་བྱས་ཏེ། ནུས་ཁུངས་དང་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས།
དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁོངས་བར་མཐོངས་གསར་སྤེལ་དང་སྲུང་སྐྱོབ་བྱེད་སྟངས་ལེགས་སུ་གཏོང་བ། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་འགུལ་ལག་བསྟར་ཤུགས་ཆེ་བཅས་བྱེད་དགོས་ལ། སྐྱེ་ཁམས་ཀྱི་ཉེན་ཁ་འགོག་ཟོན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་འཁྱོངས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོ་རུ་གཏོང་དགོས་ཤིང་། སྐྱེ་ཁམས་བདེ་འཇགས་ཁྱབ་ཁོངས་ཀྱི་དམིགས་བསལ་གནད་དོན་ཐག་གཅོད་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་གཏིང་ཟབ་སྤེལ་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས།
རང་སྐྱོང་ལྗོངས་ཀྱིས་ས་ཞིང་དང་། ནགས་ཚལ། རྩྭ་ཐང་། ཆུ་བོ། མཚེའུ། འདམ་ར། འཁྱགས་རོམ། བདག་མེད་སྲོག་ཆགས་དང་རྩི་ཤིང་སོགས་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
དོན་ཚན་ཉེར་གཉིས་པ། རང་སྐྱོང་ལྗོངས་ཀྱིས་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་རིགས་གསོག་འཇོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཡོང་བར་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་བྱེད་པ་དང་། ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པ། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་པ་མ་ཟད། འབྲུ་རིགས་ཐོན་སྐྱེད་དང་། གསོག་འཇོག འཁོར་རྒྱུག ལས་སྣོན་སོགས་བྱེད་ནུས་ཆེ་རུ་གཏོང་བ། དེ་བཞིན་འབྲུ་རིགས་གྲོན་ཆུང་དང་། འཕྲལ་སྡོམ། ལྟ་སྡོམ་སོགས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འབྲུ་རིགས་མཁོ་སྤྲོད་དང་སྤུས་ཚད་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས།
རང་སྐྱོང་ལྗོངས་ཀྱིས་ནས་སོགས་མཚོ་བོད་ས་མཐོའི་སོན་རྒྱུའི་ཐོན་ཁུངས་ཁྲིམས་ལྟར་སྲུང་སྐྱོབ་དང་ལུགས་མཐུན་བེད་སྤྱོད་བྱས་ཏེ། དགོས་མཁོ་གཞིར་བཟུང་སོན་རྒྱུའི་ཐོན་ཁུངས་གསོག་མཛོད་སྐྲུན་དགོས།
དོན་ཚན་ཉེར་གསུམ་པ། རང་སྐྱོང་ལྗོངས་ཀྱིས་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་དང་བཅོས་སྐྱོང་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པར་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁའི་ལྟ་ཞིབ་སྔོན་བརྡ་དང་། བརྟག་དཔྱད་ཚོད་སྐོར། ཆ་འཕྲིན་མཉམ་སྤྱོད་དང་ཁྱབ་བསྒྲགས། འཕྲལ་སྡོམ་དོ་དམ། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཐོལ་བྱུང་གསར་ཐོན་འགོས་ནད་དང་སྲོག་ཆགས་རྩི་ཤིང་གི་རིམས་ནད་འགོག་ཟོན་བྱེད་པ་དང་། སྐྱེ་དངོས་ལག་རྩལ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། ནད་རྐྱེན་སྐྱེ་ཕྲ་ཚོད་ལྟ་ཁང་གི་སྐྱེ་དངོས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། མིའི་རིགས་ཀྱི་རྒྱུད་འདེད་ཐོན་ཁུངས་དང་སྐྱེ་དངོས་ཐོན་ཁུངས་འཚོལ་བསྡུ་དང་། ཉར་ཚགས། བེད་སྤྱོད། དེ་བཞིན་ཕྱི་ཕྱོགས་ལ་འདོན་སྤྲོད་བཅས་ཀྱི་བྱེད་སྒོ་ཚད་ལྡན་དུ་གཏོང་བ། མཚོ་བོད་ས་མཐོའི་རྩ་ཆེན་དང་། སྟོངས་ལ་ཉེ་བ། དམིགས་བསལ་དངོས་རིགས་དང་དེའི་རྒྱུད་འདེད་ཐོན་ཁུངས་རིགས་ལ་སྲུང་སྐྱོབ་བྱེད་པ། ཕྱི་ནས་དངོས་རིགས་ནང་འཛུལ་གནོད་སྐྱེལ་བྱེད་པར་འགོག་ཟོན་དང་ཁ་གཏད་གཅོག་པ་བཅས་བྱས་ཏེ། སྐྱེ་དངོས་ཀྱི་བདེ་འཇགས་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
དོན་ཚན་ཉེར་བཞི་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་གཏོད་པར་མཐའ་མཚམས་ལྟ་སྡོམ་དང་། མཐུན་སྦྱོར། མཉམ་འགུལ་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། མཐའ་མཚམས་ལྟ་སྡོམ་ལས་དོན་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་། མི་རྒྱུ་རྩལ་གསུམ་གྱི་འགོག་སྲུང་ནུས་ལྡན་བྱེད་པའི་གཞི་གཅིག་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་ཀྱི་མཐའ་མཚམས་འགོག་ཟོན་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འགལ་གྱིས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པ་དང་རྒྱལ་གྲོལ་ཉེས་གསོག་རིགས་ལ་ཉེན་ཟོན་དང་། བཀག་སྡོམ། ཁྲིམས་ལྟར་ཉེས་ཆད་གཅོད་པ་བཅས་བྱེད་པ། མཐའ་མཚམས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།
དོན་ཚན་ཉེར་ལྔ་པ། རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་ཟབ་སྤེལ་དང་རྒྱ་སྐྱེད་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ། རིག་དངོས་དང་རིག་གནས་ཤུལ་བཞག་ཁྲིམས་ལྟར་སྲུང་སྐྱོབ་དང་བེད་སྤྱོད་ལུགས་མཐུན་བཅས་བྱེད་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། རིག་གནས་ཐོན་ལས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་གསར་རྩོམ་ལ་རྒྱབ་སྐྱོར་བྱེད་པ། དུས་རབས་གསར་པའི་རིག་གནས་དམངས་ཕན་ལས་གཞི་ལག་བསྟར་བྱེད་པ། གྲོང་གསེབ་ཀྱི་རིག་གནས་དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིག་གནས་ཁྲོམ་རའི་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་སྒྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་གནས་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། གཡེམ་འཆལ་ལོག་རིགས་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ཆེད་དོན་ལས་སྒོ་གཏིང་ཟབ་སྤེལ་བ་བཅས་ཀྱི་ཐོག་ནས་རིག་གནས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་དགོས།
དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་ཀྱིས་སྔོན་འགོག་གཙོར་བཟུང་དང་། སྔོན་འགོག་དང་འཕྲལ་སྡོམ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་པའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་འཕྲལ་སྡོམ་རྨང་གཞི་དང་སྟོབས་ཤུགས་ཆེ་རུ་བཏང་ནས། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ་ལས་དོན་མ་བསྒྲུབས་གོང་ལ་སྔོན་འགོག་དང་ཕྱོགས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐོན་སྐྱེད་དང་། གནོད་འགོག་གེགས་སེལ། རྒུད་སྐྱོབ། འཕྲལ་སྡོམ་རོགས་སྐྱོབ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་འཕྲོད་བསྟེན་དང་། ཟས་རིགས་སྨན་རྫས། འགྲིམ་འགྲུལ་སྐྱེལ་འདྲེན། ཨར་ལས་བཟོ་སྐྲུན། ཉེན་ཆེའི་རྫས་འགྱུར་དངོས་རྫས། དུག་ལྡན་གནོད་ཡོད་དངོས་རྫས། འབར་རླངས། མེ་ཟོན་སོགས་གཙོ་གནད་ཁྱབ་ཁོངས་ལ་ཆེད་དོན་བཅོས་སྒྲིག་ནན་པོ་བྱས་ཏེ་སྤྱི་པའི་བདེ་འཇགས་ཀྱི་ཉེན་ཟོན་དང་ཉེན་སེལ་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་ཀྱིས་དྲ་བའི་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། དྲ་བའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དྲ་བའི་བདེ་འཇགས་འགན་སྲུང་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་ཁྲིམས་ལྟར་འགན་སྲུང་བྱེད་དགོས། དྲ་བའི་བདེ་འཇགས་བཅོས་སྐྱོང་ཟབ་སྤེལ་དང་། དྲ་བའི་བདེ་འཇགས་ལྟ་ཞིབ་སྔོན་བརྡ་དང་འཕྲལ་སྡོམ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཁབ་ཕྱི་ནང་གི་དྲ་བའི་བདེ་འཇགས་ཀྱི་ཉེན་ཁ་ཁྲིམས་ལྟར་ལྟ་ཞིབ་དང་། འགོག་སྲུང། ཐག་གཅོད་བཅས་བྱེད་པ་དང་། དྲ་ཐོག་ནས་ཚུར་རྒོལ་དང་། དྲ་ཐོག་ནས་བཙན་འཛུལ། དྲ་ཐོག་ནས་གསང་བ་རྐུ་ཁྱེར། ཁྲིམས་འགལ་གྱི་གནོད་ཡོད་ཆ་འཕྲིན་ཁྱབ་སྤེལ་བྱེད་པ་སོགས་དྲ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཉེན་ཟོན་དང་། བཀག་སྡོམ། ཁྲིམས་ལྟར་ཆད་གཅོད་བཅས་བྱས་ཏེ། དྲ་བའི་ཆ་འཕྲིན་བདེ་འཇགས་ཡོང་བར་འགན་སྲུང་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་གཞི་གྲངས་གསར་སྤེལ་བེད་སྤྱོད་དང་ཐོན་ལས་གོང་འཕེལ་ལ་བརྟེན་ནས་གཞི་གྲངས་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཀྱི་བདེ་འཇགས་ལ་བརྟེན་ནས་གཞི་གྲངས་གསར་སྤེལ་བེད་སྤྱོད་དང་ཐོན་ལས་གོང་འཕེལ་ལ་འགན་སྲུང་མཐའ་འཁྱོངས་བྱེད་པ་དང་། གཞི་གྲངས་བདེ་འཇགས་བཅོས་སྐྱོང་མ་ལག་འཛུགས་པར་ཤུགས་སྣོན་རྒྱག་པ། གཞི་གྲངས་བདེ་འཇགས་ཀྱི་སྲིད་ཇུས་བྱ་ཐབས་དང་ས་གནས་ཀྱི་ཚད་གཞི་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་མ་ཟད། གཞི་གྲངས་རིགས་དང་རིམ་པ་ཕྱེ་ནས་སྲུང་སྐྱོབ་བྱེད་པའི་ལམ་ལུགས་དང་། ཉེན་ཁ་ཚོད་སྐོར་དང་ལྟ་ཞིབ་སྔོན་བརྡ་སོགས་ཀྱི་ལམ་སྲོལ་འཛུགས་པ། གཞི་གྲངས་འཚོལ་བསྡུ་དང་། འདོན་སྤྲོད། བེད་སྤྱོད། ཐག་གཅོད་བཅས་བྱེད་སྟངས་ཚད་ལྡན་བཟོས་ཏེ། ཁྲིམས་ལྟར་གཞི་གྲངས་ཀྱི་བདེ་འཇགས་འགན་སྲུང་བྱེད་དགོས།
དོན་ཚན་ཉེར་དགུ་པ། རང་སྐྱོང་ལྗོངས་ཀྱིས་མཐའ་འཁོར་གྱི་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཀྲུང་དབྱང་གིས་དབང་བསྐུར་བ་གཞིར་བཟུང་རྒྱལ་ཁབ་དང་ས་ཁུལ་གཞན་དག་དབར་ཕྱོགས་གཉིས་དང་ཕྱོགས་མང་གི་མཛའ་མཐུན་སྤེལ་རེས་དང་མཉམ་ལས་བྱེད་པ་དང་། རྒྱལ་ཕྱིའི་ཁེ་ཕན་དང་མ་འཇོག་གི་ཉེན་ཁའི་སྔོན་བརྡ་གཏོང་བ་དང་། འགོག་ཟོན། སྲུང་སྐྱོབ་བཅས་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་ཚན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་ཀྱི་བཀག་སྡོམ་དང་། གནོན་ཤུགས། སིམ་འཛུལ། གཏོར་བཤིག་སོགས་ཀྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཁ་གཏད་གཅོག་པ་དང་། རང་རྒྱལ་གྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་མཁན་ཕྱིའི་རྒྱལ་ཁབ་དང་རྩ་འཛུགས་སམ་ཡང་ན་མི་སྒེར་བཅས་ལ་རྒྱལ་ཁབ་ཀྱི་ཟློག་ལན་སློག་པའི་བྱ་ཐབས་ཁག་ལག་བསྟར་བྱེད་དགོས།
དོན་ཚན་སུམ་ཅུ་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་གསང་འཕྲིན་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། གསང་འཕྲིན་འཚོལ་བསྡུའི་དྲ་བ་བཟོ་ཤུགས་ཆེ་རུ་གཏོང་བ་དང་། གསང་འཕྲིན་གྱི་ཞིབ་འབྱེད་དང་། གདམ་གསེས། ཕྱོགས་བསྡུས། མཐའ་གཅོད་དབྱེ་ཞིབ། ནུས་ལྡན་བེད་སྤྱོད་དང་མཉམ་སྤྱོད་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས།
རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་འགན་འཁྲི་སྒྲུབ་རིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ཤེས་རྟོགས་བྱུང་རིགས་ངེས་པར་དུ་འཕྲལ་མར་གོང་ཞུ་བྱེད་དགོས་པ་ལས་འགྱངས་ཞུ་དང་། ཆད་ཞུ། གསང་ཞུ། རྫུན་ཞུ་བཅས་བྱེད་མི་ཆོག
དོན་ཚན་སོ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྱབ་ཁོངས་ཁག་གི་ཉེན་ཁ་བརྟག་དཔྱད་ཚོད་སྐོར་དང་ལྟ་ཞིབ་སྔོན་བརྡ་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཁྱབ་ཁོངས་ཁག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁར་ཁ་གཏད་བཅོག་པའི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁའི་ཚད་ལ་གཞིགས་ནས་ཁྲིམས་ལྟར་དེ་མཚུངས་ཀྱི་ཉེན་ཁའི་སྔོན་བརྡ་གཏོང་དགོས།
འབྲེལ་ཡོད་སྡེ་ཚན་དང་ཚན་པས་ངེས་པར་དུ་བརྟག་དཔྱད་ཚོད་སྐོར་དང་ཉེན་ཟོན་སྔོན་བརྡའི་གནས་ཚུལ་ལ་གཞིགས་ནས། དུས་ཐོག་ཏུ་ཁ་གཏད་གཅོག་ཐབས་སྤྱད་དེ་ཐུན་མོང་ཐོག་ཉེན་ཁ་འགོག་ཟོན་དང་གྲལ་བཤེར་ཉེན་སེལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་སོ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་ལག་བསྟར་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་དེ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱ་རྒྱུའི་ནང་དོན་དུ་བརྩི་དགོས།
རིམ་པ་འོག་མའི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཚན་དང་། རིམ་མཚུངས་འབྲེལ་ཡོད་སྡེ་ཚན་དང་ཚན་པ་བཅས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཚན་ནས་ལྟ་སྐུལ་བྱེད་དགོས།
དོན་ཚན་སོ་གསུམ་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཞིབ་བཤེར་དང་ལྟ་སྡོམ་གྱི་ལམ་ལུགས་དང་ལམ་སྲོལ་ལག་བསྟར་བྱེད་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་ཞིབ་བཤེར་དང་ལྟ་སྡོམ་བྱེད་འགན་འཁུར་མཁན་སྡེ་ཚན་གྱིས་ཁྲིམས་བཅད་ཁྱབ་ཁོངས་དང་། ཆ་རྐྱེན། གོ་རིམ་བཅས་ལ་གཞིགས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ཞིབ་བཤེར་དང་ལྟ་སྡོམ་ལས་དོན་སྤེལ་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་དགོས།
དོན་ཚན་སོ་བཞི་པ། རང་སྐྱོང་ལྗོངས་ཀྱིས་གཙོ་གནད་ས་ཁོངས་དང་། གལ་ཆེའི་སྒྲིག་བཀོད། མངོན་མེད་ལས་གཞི། གནད་འགག་ཆེ་ས་སོགས་དམིགས་ཚད་གལ་ཆེན་ལ་རིགས་དང་རིམ་པ་དབྱེ་ནས་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁར་ཚོད་སྐོར་བྱེད་པ་དང་། དམིགས་ཚད་གལ་ཆེན་གྱི་བདེ་འཇགས་ཚོད་འཛིན་ས་ཁོངས་ཁྲིམས་ལྟར་དབྱེ་མཚམས་གཅོད་དགོས་པ་མ་ཟད། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དམིགས་ཚད་གལ་ཆེན་གྱི་སྲུང་སྐྱོབ་བྱ་ཐབས་ཁྲིམས་ལྟར་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།
དོན་ཚན་སོ་ལྔ་པ། རང་སྐྱོང་ལྗོངས་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། མཉམ་སྒྲུབ་མཉམ་འགུལ། རིམ་ལྡན་ཕྱོད་ཆེ་བཅས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ཉམས་ཉེན་འགོག་ཟོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཉམས་ཉེན་ཆེན་པོ་དང་ཐོལ་བྱུང་དོན་རྐྱེན་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།
རྒྱལ་ཁབ་བདེ་འཇགས་ཀྱི་ཉམས་ཉེན་འགོག་ཟོན་གྱི་འགན་འཁུར་མཁན་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲིའི་ལས་བགོས་དང་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རྒྱལ་ཁབ་བདེ་འཇགས་ཀྱི་ཉམས་ཉེན་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་འཇིགས་སྐུལ་དང་གནོད་འཚེ་དུས་ཐོག་ཏུ་སེལ་དགོས།
དོན་ཚན་སོ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་པ། རྣམ་པ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་བྱང་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་དགོས།
ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་ངེས་པར་དུ་ཚན་པ་དེ་གའི་ལས་མིར་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་རྒྱག་པ་དང་། ཚན་པ་དེ་གའི་ལས་མི་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་རིགས་ལ་ཉེན་ཟོན་དང་བཀག་སྡོམ་བྱེད་དགོས།
རླུང་འཕྲིན་དང་། བརྙན་འཕྲིན། གློག་བརྙན། ཚགས་པར། དུས་དེབ། མཉམ་སྦྲེལ་དྲ་བ་སོགས་ཀྱི་འཕྲིན་སྦྱོར་གྱིས་ངེས་པར་དུ་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཕན་དྲིལ་བསྒྲགས་བྱེད་དགོས།
དོན་ཚན་སོ་བདུན་པ། རྫོང་རིམ་ཡན་གྱི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་ལས་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་བདེ་འཇགས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་པ་གསོ་སྐྱོང་གི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། དཔུང་ཁག་ཧྲིལ་པོའི་བྱང་ཚད་མཐོ་རུ་གཏོང་དགོས།
རྒྱལ་ཁབ་བདེ་འཇགས་ལས་དོན་སྲུང་སྐྱོང་གི་དགོས་མཁོ་གཞིར་བཟུང་། བྱ་ཐབས་ནུས་ལྡན་སྤྱད་དེ་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་ཀའི་ཆེད་དོན་ལས་མིའི་ཐོབ་ཐང་དང་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས། འབྲེལ་ཡོད་ཚན་པས་ངེས་པར་དུ་འགན་འཁྲིའི་ཁྱབ་ཁོངས་ནང་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས།
དོན་ཚན་སོ་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་བྱེད་སྒོའི་ནང་རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲི་མི་སྒྲུབ་པར་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།
སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ནས་མི་སྒེར་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་འོས་འགན་མི་སྒྲུབ་པའམ་ཡང་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་ཚེ། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།
དོན་ཚན་སོ་དགུ་པ། བྱ་ཐབས་འདི་2025ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།