“དར་དམར་གྱི་དོ་དམ་པ་ཆུང་ངུས”གཞི་རིམ་ལ“བྱས་རྗེས་ཆེན་པོ”འཇོག་པར་སྐུལ་འདེད་བཏང་བ།
—— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དར་དམར་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་མིང་བྱང་གསར་པ་བཏོད་པའི་སྐོར།
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་ཆེད། 2024ལོའི་ཟླ་3པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་སྟོབས་ཤུགས་འཐུས་ཚང་དང་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བར་དམིགས་ནས། དྲ་མིག་པ་དང་། སྡེ་ལས་ཀྱི་ལས་དོན་པ། དང་བླངས་པ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་ལ་བརྟེན་ཏེ“དར་དམར་གྱི་དོ་དམ་པ་ཆུང་ངུའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་ཡོད། འབྲེལ་གཏུག་དམ་ཟབ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
“རྒན་གཅིག་གཞོན་གཅིག”ལ་ཞབས་འདེགས་ཞིབ་ཚགས་ཞུ་རྒྱུར་དམིགས་པ།
ཉེ་ཆར་གསར་འགོད་པ་དར་དམར་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས། དྲ་མིག་པ་བསྟན་འཛིན་གཡང་སྒྲོན་གྱིས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་འཚམས་ལན་སློག་བཞིན་འདུག གནས་ཚུལ་ཚང་མ་ཤེས་རྟོགས་བྱས་རྗེས། བསྟན་འཛིན་གཡང་སྒྲོན་གྱིས་གྲོང་མིའི་ཚུར་ལན་དང་དགོས་མཁོ་ཟིན་བྲིས་ནན་ཏན་ངང་འགོད་བཞིན་འདུག “དུད་ཚང་དུ་བསྐྱོད་ནས་བཅར་འདྲི་བྱེད་པ་ནི་ང་ཚོའི་ལས་ཀའི་རྨང་གཞི་ཡིན་ལ། ལས་དོན་གལ་ཆེ་ཤོས་ཤིག་ཀྱང་ཡིན། དུད་ཚང་དུ་སྐྱོད་སྐབས། ང་ཚོས་གྲོང་མིའི་ཆ་འཕྲིན་ལ་ཞིབ་དཔྱད་བྱས་ནས་གསར་བརྗེས་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱས་པས། འབྲེལ་གཏུག་བྱེད་རིང་ཚང་མར་རྒྱུས་མངའ་ལོན་ཟབ་ཏུ་ཕྱིན་ནས་འབྲེལ་བ་བཟང་པོ་འཛུགས་ཐུབ་ཡོད། སྡེ་ཁུལ་ནང་གི་རྒན་རྒོན་དང་ཕྲུ་གུ་ཚོ་ནི་ང་ཚོས་དོ་ཁུར་བྱེད་པའི་གཙོ་གནད་ཡིན་ལ། ང་ཚོའི་ཞབས་འདེགས་ཞུ་ཡུལ་གཙོ་བོའང་ཡིན”ཞེས་བསྟན་འཛིན་གཡང་སྒྲོན་གྱིས་བཤད།
གསར་འགོད་པར་ཤེས་རྟོགས་བྱུང་བར། དེ་གོང་དར་དམར་སྡེ་ཁུལ་དུ་ལོ་78ལ་སླེབས་པའི་ཕྱི་ནས་ཡོང་བའི་ཁེར་སྡོད་རྒན་རྒོན་ཞིག་མཚན་དགུང་དུ་གྲོད་ཁོག་ཡང་སེ་བཤལ་བ་དང་། ཕོ་བར་ཟུག་རྒྱག་པ། མགོ་ཡུ་འཁོར་བ་སོགས་ཀྱི་ནད་རྟགས་ཐོན་པས། “དར་དམར་གྱི་དོ་དམ་པ་ཆུང་ངུས”གནས་ཚུལ་དེ་ཤེས་རྗེས་འཕྲལ་དུ་རྒན་རྒོན་གྱི་ཁྱིམ་དུ་བསྐྱོད་ནས་རྒན་རྒོན་ལ་རོགས་པ་བྱས་ཏེ་སྨན་ཁང་དུ་བརྟག་དཔྱད་སྨན་བཅོས་བྱེད་རོགས་བྱས་ཡོད། “ང་ཚོས་དེ་གོང་བཅར་འདྲི་བྱེད་རིང་། རྒན་རྒོན་གྱི་ཁྱིམ་ཚང་གི་གནས་ཚུལ་ཤེས་རྟོགས་བྱུང་བས‘དོ་དམ་པ་ཆུང་ངུ’དུས་བཀག་ལྟར་རྒན་རྒོན་ལ་ལྟ་རྟོག་བྱེད་དུ་བཅུག་ནས་ཕྱོགས་གཉིས་དབར་འབྲེལ་བ་ཡག་པོ་བཙུགས་ཡོད། ད་རེས་རྒན་རྒོན་ལ་གློ་བུར་དུ་ནད་གཞི་ཕོག་སྐབས་འཕྲལ་མར་ང་ཚོ་དྲན་པར་བརྟེན། ང་ཚོས་ཁོང་ལ་དུས་ཐོག་ཏུ་རོགས་པ་བྱེད་ཐུབ་ནས་སྨན་བཅོས་ནར་འགྱངས་བྱུང་མེད”ཅེས་བསྟན་འཛིན་གཡང་སྒྲོན་གྱིས་བཤད།
ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ་ཞབས་འདེགས་ཞིབ་ཚགས་ཞུས་པ་ཕུད། “དར་དམར་གྱི་དོ་དམ་པ་ཆུང་ངུས”ད་དུང་ཕྲུ་གུ་ཚོའི་འཚར་ལོངས་ལའང་དོ་ཁུར་ལྷག་པར་བྱེད་ཀྱི་ཡོད། བསྟན་འཛིན་གཡང་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་བ་ཁ་ཤས་གོང་དར་དམར་གྱི་དུས་ཐེངས་གཉིས་པའི་ཁུལ་ཆུང་དུ་ཕྲུ་གུ་ཆུང་ཆུང་ཞིག་གིས་སློབ་གྲྭར་འགྲོ་འདོད་མི་བྱེད་པར་ཁྱིམ་བདག་གིས་ཁ་ཏ་ཇི་ལྟར་བྱས་ཀྱང་ཕྲུ་གུས་མ་ཉན་སྟབས“དར་དམར་གྱི་དོ་དམ་པ་ཆུང་ངུར”རོགས་པ་བྱེད་རོགས་ཞུས། “གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། ང་ཚོས་ཁྱིམ་བདག་དང་མཉམ་དུ་ཕྲུ་གུའི་སེམས་ཁམས་ལ་བརྟག་དཔྱད་བྱེད་པར་ཁྲིད་པས་གནད་དོན་གང་ཡང་མེད་པ་གཏན་འཁེལ་བྱུང་རྗེས་སླར་ཡང་ངང་རྒྱུད་རིང་པོས་ཕྲུ་གུ་དང་སྙིང་གཏམ་ཤོད་རེས་བྱས་ནས་ཕྲུ་གུའི་བསམ་བློའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་ཕྲུ་གུ་དེ་དགའ་སྤྲོའི་ངང་སླར་ཡང་སློབ་གྲྭར་འགྲོ་ཐུབ་ཡོད”ཅེས་བསྟན་འཛིན་གཡང་སྒྲོན་གྱིས་བཤད།
ཁུལ་ཆུང་ལ་དོ་བདག་ཨུ་ལྷན་འཛུགས་རྒྱུར་ཕན་སྐུལ་བྱས་པ།
“སྔོན་ཆད་ཁུལ་ཆུང་དུ་དོན་དག་མང་པོ་ཞིག་ལ་དོ་དམ་བྱེད་མཁན་མེད། གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱེད་ཀྱི་མེད་ལ་སྤྱི་པའི་སྒྲིག་བཀོད་ལ་སྐྱོན་ཤོར་ནའང་བཟོ་མཁན་མེད། ད་ཆ་སྡེ་ཁུལ་དོ་བདག་ཨུ་ཡོན་ལྷན་ཁང་བཙུགས་པས་གནད་དོན་དེ་དག་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད། གནད་དོན་གཞན་དག་འཕྲད་ནའང་མྱུར་དུ་ཐག་གཅོད་བྱས་ནས་འཚོ་བ་ཧ་ཅང་བག་ཕེབས་དང་ལྡན་པར་གྱུར་ཡོད”ཅེས་གཙང་གསུམ་ཁྱིམ་གཞིས་ཁུལ་ཆུང་གི་གྲོང་མི་བདེ་ལགས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། ད་ཆ་གཙང་གསུམ་ཁྱིམ་གཞིས་ཁུལ་ཆུང་དུ་སྐྱོད་སྐབས། འགྲོ་ལམ་གཙང་ཞིང་གྲལ་འགྲིག་པ་དང་སྤྱི་པའི་སྒྲིག་བཀོད་ལ་སྐྱོན་མེད་པར་ཁུལ་ཆུང་གི་གང་སར་འཆམ་མཐུན་དང་གནས་འཕྲོད་ཀྱི་རྣམ་པ་ཞིག་མངོན་འོང་། འགྱུར་ལྡོག་དེ་དག་ཚང་མ་ནི“དར་དམར་གྱི་དོ་དམ་པ་ཆུང་ངུས”ཁུལ་ཆུང་ལ་དོ་བདག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་ཕན་སྐུལ་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པས། མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་ཏེ་ཁུལ་ཆུང་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་དང་ཁ་འབྲལ་ཐབས་མེད་པ་རེད།
དར་དམར་སྡེ་ཁུལ་གྱི་དྲ་མིག་པ་བསོད་ནམས་དབང་མོས་ངོ་སྤྲོད་བྱས་པར། 2024ལོའི་ཟླ་3པའི་ཟླ་འགོར“དར་དམར་གྱི་དོ་དམ་པ་ཆུང་ངུས”རྒྱུན་གཏན་གྱི་སྐོར་གཡེང་བྱེད་སྐབས་གཙང་གསུམ་ཁྱིམ་གཞིས་ཁུལ་ཆུང་གི་དེ་སྔའི་སྡེ་ལས་ཞབས་ཞུའི་ཀུང་སིར་སྡེ་ལས་མི་སྣ་ཡང་སེ་བརྗེ་བ་དང་། གཙང་སྦྲ་དུས་ཐོག་ཏུ་མི་བྱེད་པ། སྔོ་འགྱུར་ཟང་ཟིང་ཡིན་པ། གཏོར་སྐྱོན་ཤོར་བའི་སྤྱི་པའི་སྒྲིག་བཀོད་དུས་ཡུན་རིང་པོར་བཟོ་མཁན་མེད་པ་སོགས་ཀྱི་གནད་དོན་མང་པོ་ཡོད་པ་དེས་ཁུལ་ཆུང་གི་གྲོང་མིའི་རྒྱུན་གཏན་གྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས་པ་ཤེས་ཤིང་། གནད་དོན་དེ་དག་ཐག་གཅོད་ནུས་ལྡན་བྱ་ཆེད། “དར་དམར་གྱི་དོ་དམ་པ་ཆུང་ངུས”མྱུར་དུ་བྱ་སྤྱོད་སྤེལ་ནས་གྲོང་མིའི་ཚོགས་ཆེན་འཚོགས་ཏེ་འབྲེལ་གཏུག་ལས་སྟེགས་བསྐྲུན་པ་བརྒྱུད་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུས་པ་དང་ཁུལ་ཆུང་དུ་སྡེ་ཁུལ་དོ་བདག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཁུལ་ཆུང་གི་གྲོང་མིའི་རང་སྐྱོང་ནུས་པ་འཕེལ་བར་བྱས་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་ལོ་དེའི་ཟླ་4ཚེས་8ཉིན་གཙང་གསུམ་ཁྱིམ་གཞིས་ཁུལ་ཆུང་གི་སྡེ་ཁུལ་དོ་བདག་ཨུ་ཡོན་ལྷན་ཁང་བདེ་བླག་ངང་བཙུགས་པ་མ་ཟད། ཁུལ་ཆུང་ལ་འཕྲད་པའི་གནད་དོན་སྣ་ཚོགས་འཕྲལ་དུ་ཐག་གཅོད་བྱེད་འགོ་བཙུགས་ཡོད།
མིག་སྔའི་བར། “དར་དམར་གྱི་དོ་དམ་པ་ཆུང་ངུས”ཁོངས་གཏོགས་ཁུལ་གྱི་ཁུལ་ཆུང་གཉིས་ལ་སྡེ་ཁུལ་དོ་བདག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་སྐུལ་འདེད་བདེ་བླག་བཏང་བ་དང་། རྗེས་སུ་མུ་མཐུད་འབད་བརྩོན་གྱིས་ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་དོ་བདག་ཨུ་ཡོན་ལྷན་ཁང་ཕྱོགས་ཡོངས་ནས་ཁྱབ་པ་རིམ་བཞིན་མངོན་འགྱུར་བྱས་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་ཁུལ་ཆུང་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་བཏོད་ཡོད།
“ཁྱིམ་གྱི་སྒོ་རྩ”ནས་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་རྒྱུ་བྱུང་བ།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། གྲོང་མིའི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་སྐོང་ཆེད། “དར་དམར་གྱི་དོ་དམ་པ་ཆུང་ངུས”སྡེ་ཁུལ་གྱི་ད་ཡོད་ཐོན་ཁུངས་གང་ལེགས་སྤྱད་དེ། ལྔ་པའི་ཚེས་ལྔའི་དུས་ཆེན་དང་། རྒྱལ་སྟོན་དུས་ཆེན། ཟླ་མཆོད་དུས་ཆེན་སོགས་དུས་ཆེན་གལ་ཆེན་རིང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཏེ་ལས་ཞོར་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཁྱིམ་མཚེས་དབར་གྱི་སྤེལ་རེས་དང་མཉམ་འགུལ་ལ་སྐུལ་འདེད་བཏང་བས། ཁུལ་ཆུང་གི་གྲོང་མི་དེར་ཞུགས་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་ཕྱིན་ནས“ཁྱིམ་གྱི་སྒོ་རྩ”ནས་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
དར་དམར་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་བཀྲ་ཤིས་དོན་གྲུབ་ཀྱིས། དར་དམར་སྡེ་ཁུལ་གྱིས“དར་དམར་གྱི་དོ་དམ་པ་ཆུང་ངུའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་བརྟེན་ནས་རིག་གནས་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་ཟུང་འབྲེལ་དམ་ཟབ་བྱས་པས། གྲོང་མིའི་རིག་གནས་བྱང་ཚད་མཐོ་རུ་ཕྱིན་པ་མ་ཟད། སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། “གོམ་སྟབས་རྗེས་མར། ང་ཚོས་ད་དུང་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་མུ་མཐུད་སྣེ་ཁྲིད་གཏིང་ཟབ་བྱས་ནས‘དར་དམར་གྱི་དོ་དམ་པ་ཆུང་ངུའི’གསར་བརྗེའི་སྒུལ་ནུས་འདོན་པ་དང་། གཞི་རིམ་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི‘འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག’བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། སྔར་བས་སྣ་མང་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་འདེགས་ཧུར་ཐག་ཞུས་ནས་གྲོང་མིའི་སྐྱིད་སྣང་ཆེ་རུ་ཏན་ཏིག་གཏོང་གི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།