དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

    རང་རྒྱལ་ནི་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་བདེ་འཇགས་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཆི་ཡུས་ཁུན།   |     སྤེལ་དུས།  2025-09-16

    ཟླ་9ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་པའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་དབྱིན་པའེ་ཡིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་བྱུང་བའི“བྱས་རྗེས་ངོ་མཚར་ཅན་གཉིས”ཀྱི་ལེའུ་གསར་རྩོམ་པར་འགན་ལེན་ནུས་ལྡན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཁྲིམས་འཛུགས་ལས་དོན་ཡག་པོ་བསྒྲུབས་པ། ཟླ་དགུ་པའི་ཟླ་འགོའི་བར་རང་རྒྱལ་དུ་ལག་བསྟར་བྱེད་མུས་ཀྱི་གོ་ཆོད་བཅའ་ཁྲིམས་ཁག་306ཡོད་པ།

    ཁྲིམས་འཛུགས་ནི་ཁྲིམས་སྐྱོང་ལག་ལེན་བསྟར་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་རེད།

    2021ལོ་ནས་ད་ལོའི་ཟླ་དགུ་པའི་ཟླ་འགོའི་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་བཅའ་ཁྲིམས་ཁག་36གསར་དུ་གཏན་འབེབས་བྱས་པ་དང་། བཅའ་ཁྲིམས་ལ་བཟོ་བཅོས་ཁག་ཐེངས་63བརྒྱབ་པ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་སྐོར་གྱི་གཏན་འབེབས་ཁག་35ལ་གྲོས་འཆམ་བྱུང་བ། བཅའ་ཁྲིམས་ལ་འགྲེལ་བཤད་ཁག་1བརྒྱབ་པ་བཅས་རེད།

    དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས་དང་གྲོང་གསེབ་དར་རྒྱས་སྐུལ་སྤེལ་བཅའ་ཁྲིམས་སོགས་གཏན་འབེབས་བྱས་པ་དང་། ཀུང་སིའི་བཅའ་ཁྲིམས་དང་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་སོགས་ལ་བཟོ་བཅོས་བརྒྱབ་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། རྒྱལ་ཁབ་ཀྱི་སྒྲིག་གཞི་དང་རྩ་འཛུགས་ཐད་ཀྱི་གཞི་རྩའི་བཅའ་ཁྲིམས་དང་། ཁྲིམས་འཛུགས་བཅའ་ཁྲིམས། ལྟ་སྐུལ་བཅའ་ཁྲིམས། འཐུས་མིའི་བཅའ་ཁྲིམས། འབྲེལ་ཡོད་དོན་གྲོས་སྒྲིག་སྲོལ་སོགས་ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ། བྱ་གཞག་ཁག་གོང་དུ་འཕེལ་བར་ཁོར་ཡུག་བཟང་པོ་བཏོད་པ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་དང་། ཐོགས་མེད་ཁོར་ཡུག་འཛུགས་སྐྲུན་བཅའ་ཁྲིམས། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་སོགས་གཏན་འབེབས་དང་། བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་སོགས་ལ་བཟོ་བཅོས་བརྒྱབ་སྟེ་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་བཅའ་ཁྲིམས་དང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་དང་འདམ་ར་སྲུང་སྐྱོང་བཅའ་ཁྲིམས་སོགས་གཏན་འབེབས་དང་། རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ། རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་གཏན་འཁེལ་བྱེད་པའི་སྐོར་ལ་གཏན་འབེབས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་སོགས་རེད།

    ཟླ་དགུ་པའི་ཟླ་འགོའི་བར། རང་རྒྱལ་དུ་ལག་བསྟར་བྱེད་མུས་ཀྱི་གོ་ཆོད་བཅའ་ཁྲིམས་ཁག་306དང་། སྲིད་འཛིན་ཁྲིམས་སྲོལ་དང་ལྟ་ཞིབ་ཁྲིམས་སྲོལ་ཁག་600ལྷག་ཙམ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་14000ལྷག་ཙམ་བཅས་ཡོད་པས། རྩ་ཁྲིམས་ལྟེ་བར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དུས་བསྟུན་མདུན་སྐྱོད་དང་འཐུས་ཚང་འཕེལ་རྒྱས་འགྲོ་བཞིན་ཡོད།

    ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་དེ་ཚད་ལྡན་དུ་བཏང་བ། ངོ་རིས་ངོས་འཛིན་དང་དྲ་རྒྱའི་འཛད་སྤྱོད་སོགས་ཀྱི་ཁྲིམས་འཛིན་འགྲེལ་བཤད་བཏོན་པ།

    ཉེ་བའི་ལོ་ཤས་རིང་། སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྒྱུར་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཁྲིམས་སྒྱུར་ཁྲིམས་འཛིན་གྱི་ཆེད་དོན་ཞིབ་བཤེར་ཏན་ཏིག་བྱས་ཏེ་གྱོད་གཞིའི་སྤུས་ཚད་ཚེ་གང་འགན་འཁུར་ལམ་ལུགས་དང་ནོར་བའི་གྱོད་དོན་གྱི་འགན་འཁྲི་ལྡོག་འདེད་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་དོན་འཁྱོལ་བྱས་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ཁྲིམས་ཁང་གིས་རིམ་རྩིས་བརྒྱབ་ན་གྱོད་གཞི་ཁག་ཁྲི་18974.5བདག་སྤྲོད་བྱས་པ་རེད། 2024ལོར་རྒྱལ་ཡོངས་ཁྲིམས་ཁང་གིས་གྱོད་གཞི་ཁག་ཁྲི་4602མཇུག་བསྡུས་པ་དེ་2020ལོ་ལས་41.5%འཕར་བ་དང་། འདྲི་ཞིབ་དང་པོ་དང་གཉིས་པར་རིམ་རྩིས་བརྒྱབ་ན་དཔྱད་བཀུར་གྱོད་འཇགས་བསྡུར་ཚད་98.03%ཟིན་ནས་ཁྲིམས་འཛིན་གྱི་སྤུས་ཚད་དང་། ལས་ཕྱོད། སྤྱི་མོས་ཐོབ་ཚད་བཅས་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད་པ་རེད།

    མིག་སྔར། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཚད་གཞི་མཐོ་པོས་མཉམ་འདྲེས་བྱུང་བ་དང་། རྩིས་ཐབས་དང་གྲངས་གཞི་ཆེན་པོ་སོགས་ལག་རྩལ་གསར་པ་བཀོལ་སྤྱོད་རྒྱ་ཁྱབ་བྱས་པས། ལས་རྣམ་གསར་པ་མང་པོ་ཞིག་ཐོན་པ་མ་ཟད། རྩོད་གླེང་དང་རྩོད་གཞི་གསར་པའང་ཐོན་བཞིན་ཡོད།

    དེའི་ཐད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཧོ་ཞའོ་རུང་གིས། ཆེས་མཐོའི་ཁྲིམས་ཁང་གིས་རྒྱབ་སྐྱོར་དང་ཚད་གཞི་མཉམ་དུ་གལ་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ངོ་རིས་ངོས་འཛིན་དང་། དྲ་རྒྱའི་འཛད་སྤྱོད། དྲ་རྒྱའི་ཤེས་བྱའི་བདག་དབང་དང་འབྲེལ་བའི་བཙན་གནོད་སོགས་ཀྱི་ཁྲིམས་འཛིན་འགྲེལ་བཤད་བཏོན་པ་དང་། དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱེད་པ། དམངས་དོན་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། མི་ཐབས་རིག་ནུས་ཀྱིས་དམངས་ཀྱི་ཆེད་དུ་དང་། དགེ་བར་ཕྱོགས་པ། ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་སྟེ་གྲངས་འཛིན་ཚོང་ལས་ཀྱི་རྣམ་པ་གསར་པ་སྣ་ཚོགས་ཁྲིམས་བཞིན་དང་། ཚད་ལྡན། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱས་ཡོད་ཅེས་བརྗོད་པ་རེད།

    སྐྱེ་ཁམས་ཁོར་ཡུག་ནི་བཅའ་ཁྲིམས་ཀྱིས་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་བྱེད་པར་དབང་ཆ་དང་ཐོག་སྤྲད་པའི་གྱོད་སྒྲུབ་ཁྱབ་ཁོངས་ཡིན་ལ། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ཚོད་ལྟ་བྱས་ཏེ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཚུན་གྱི་ལོ་བཅུའི་ལག་ལེན་ཁྲོད་གྱོད་སྒྲུབ་གཞི་ཁྱོན་ཆེ་ཤོས་དང་གྱོད་སྒྲུབ་ཕན་འབྲས་ཡག་ཤོས་ཐོན་པའི་ཁྲིམས་བཀོད་ཁྱབ་ཁོངས་ཀྱང་ཡིན།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་བསྡོམས་ཁྲི་34.8ཐག་གཅོད་བྱས་པའི་ནང་གི་90%ནི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཡིན་ཞིང་། འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་འདི་སེལ་བའི“ཀྲུང་གོའི་ཇུས་གཞི”ཐོག་མར་གྲུབ་ཡོད། ཆེས་མཐོའི་ཞིབ་དཔྱོད་ཁང་གིས་ཉེ་བའི་ལོ་འགའི་རིང་ལྷོ་ངོས་མཚེའུ་བཞིའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་། འབྲི་ཆུའི་གྲུ་གཟིངས་ཀྱི་སྦགས་བཙོག་བཅོས་སྐྱོང་། ཀྲུའུ་ཅང་གཙང་པོའི་ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་ཆེད་དོན་གྱོད་གཞི་སྔ་རྗེས་སུ་ཐག་གཅོད་བྱས་ནས་ཞིང་ཆེན་མི་འདྲ་བའི་སྲིད་གཞུང་གིས་ལོ་མང་རིང་སྒྲུབ་འདོད་ཀྱང་སྒྲུབ་མ་ཐུབ་པའི་དཀའ་གནད་མཉམ་དུ་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།

    མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་ལ་ཆད་པ་བཅད་པ། ན་ནིང་ཉེས་དོན་གྱོད་གཞི་ཐོ་འགོད་བྱས་པའི་གྲངས་འབོར་25.7%ཆག་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་བཅད་པ་དང་། 2024ལོར་ཉེས་དོན་གྱོད་གཞི་ཐོ་འགོད་བྱས་པའི་གྲངས་འབོར་དུས་མཚུངས་ལས་25.7%ཆག་སྟེ་རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་བདེ་འཇགས་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་རེད།

    ཁྲིམས་སྒྱུར་གྱོད་སྒྲུབ་དོ་དམ་ལྟེ་གནས་བཙུགས་པ་ནི་ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་རེད། མིག་སྔར། རྒྱལ་ཡོངས་སུ་ཚད་ལྡན་ཅན་ལྟེ་གནས་3200ལྷག་ཙམ་བསྐྲུན་ནས་ཁྲིམས་སྒྱུར་བྱ་སྤྱོད་སྔར་བས་ཁྲིམས་མཐུན་ཚད་ལྡན་ཡོང་བ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ད་ཆ། སྤྱི་བདེའི་བཅའ་ཁྲིམས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཁྲིམས་སྒྱུར་ལྟ་སྐུལ་དོ་དམ་སྔར་བས་ཚགས་ཚུད་བྱུང་ནས་མི་དམངས་ཉེན་རྟོག་པས་པར་ཤེལ་འོག་གྱོད་དོན་སྒྲུབ་པ་དང་ཀུན་གསལ་ངང་ཁྲིམས་སྒྱུར་བྱེད་ཀྱི་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཡོངས་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་བསྡོམས་རྩོད་གཞི་ཁག་ཁྲི་7900ལྷག་ཙམ་འདུམ་འགྲིག་བྱས་པ་དང་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་95%ཡན་ཟིན་པ་དང་། རྒྱལ་ཡོངས་འདུམ་གཅོད་སྒྲིག་གཞིས་རིམ་རྩིས་བརྒྱབ་ན་འདུམ་གཅོད་གྱོད་གཞི་ཁག་ཁྲི་227བདག་གཉེར་བྱས་པའི་ནང་གྱོད་གཞི་ཁག་ཁྲི་64བར་འདུམ་དང་འདུམ་འགྲིག་བྱས་པ་དེས་གྱོད་གཞིའི་བསྡོམས་འབོར་གྱི་28%ཟིན་པ། སྲིད་འཛིན་བསྐྱར་གྲོས་གྱོད་གཞི་ཁག་བསྡོམས་ཁྲི་204བདག་གཉེར་བྱས་པའི་ནང་2024ལོ་ཚུན་བར་འདུམ་དང་འདུམ་འགྲིག་སོགས་ཀྱི་བྱ་ཐབས་ཐོག་ནས་གྱོད་གཞི་ཁག་ཁྲི་16.8གྱོད་མཇུག་བསྒྲིལ་བ་དང་བར་འདུམ་ཐོག་གཏུག་བཤེར་ཕྱིར་འཐེན་བྱས་ནས་གྱོད་མཇུག་སྒྲིལ་ཚད་26.3%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།