དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་གཞི་རིམ་བཅོས་སྐྱོང་བྱས་ནས་དམངས་ལ་ཕན་བདེ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    2011ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡུན་རིང་བདེ་འཁོད་དང་དམངས་བདེ་དམངས་ཕན་ལ་གཞིས་བཙུགས་ཏེ། རྒྱལ་ཡོངས་ཀྱི་སྔོན་ལ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཕྱོགས་ཡོངས་ནས་བཙུགས་ཚུན། ཚད་ལྡན་ཅན་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་698དེ་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་ལྟར་གྲོང་ཁྱེར་གྱི་ཁྲོམ་གཞུང་དང་སྲང་ལམ་དང་། འགྲིམ་འགྲུལ་གྱི་འགག་མདོ། མི་མང་འདུ་འཛོམ་བྱ་ཡུལ་སོགས་སུ་རྩ་བ་ཚུགས་ཡོད། དེ་དག་ནི་བརྟན་ལྷིང་སྲུང་སྐྱོང་གི“མདུན་ཕྱོགས་ཀྱི་སོ་ལྟ་ཁང”ཡིན་ལ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“ཟམ་སྣེའི་བཙན་རྫོང”ཞིག་དེ་བས་ཀྱང་ཡིན། དེ་བོད་ཀྱི་གཞི་རིམ་བཅོས་སྐྱོང་ལ་འཕོ་འགྱུར་ཆེན་པོ་བྱུང་བར་ལྟ་ཞིབ་བྱེད་པའི་ཐུན་མོང་མ་ཡིན་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད། དེའི་ལྟེ་བའི་གསང་ཨང་ལྟ་བུ་དེ་ནི་མང་ཚོགས་ཀྱི“སྒོ་རྩར”བདེ་འཇགས་དང་ཞབས་ཞུ་སྒྲུབ་པ་དེ་རེད།

    གཞི་རིམ་བཅོས་སྐྱོང་ལ་གསར་བརྗེའི་རང་བཞིན་གྱི་སྣུར་སྲིང་མངོན་འགྱུར་བྱུང་བ།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག གཞི་རིམ་བཅོས་སྐྱོང་གི་རྨང་གཞི་ཞན་པ་དང་། ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ། འགྲིམ་འགྲུལ་ཆ་འཕྲིན་གོ་རྒྱུ་ཚོར་རྒྱུ་ཉུང་བ་བཅས་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད།

    2011ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་འབོར་འདུ་འཛོམས་ཆེ་ཁུལ་དང་དྲ་མིག་ཅན་དུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་འཛུགས་རྒྱུའི་བཀོད་སྒྲིག་བྱས་པ་རེད།

    དུས་ཐུང་ལོ་ཁ་ཤས་ནང་གཅིག་གྱུར་མཚོན་རྟགས་དང་ནུས་པ་ཆ་ཚང་བའི་ཉེན་རྟོགས་ཞབས་ཞུའི་ས་ཚིགས་ཆར་རྗེས་མྱུ་གུ་འབུས་པ་བཞིན་ཐོན་ཡོད། དེ་དག་ཚང་མ་སྡེ་ཁུལ་གྱི་ལྟེ་བ་དང་སྲང་ལམ་དང་ཁྲོམ་གཞུང་གི་ལམ་མདོར་བཀོད་སྒྲིག་བྱས་པས་མང་ཚོགས་ཚོས་རྐང་ཐང་མར་སྐར་མ་5—10བར་སོང་ཚེ་ལམ་སེང་འབྱོར་ཐུབ་པས་ཞབས་ཞུ་སྒྲུབ་རྒྱ་དེ“ལམ་ཐག་སྤྱི་ལེ”ནས“ལམ་ཐག་སྨི་བརྒྱའི”བར་ཐུང་དུ་སོང་ཡོད་པ་རེད།

    མང་ཚོགས་ཚོས་སྙིང་ཉེ་པོས་ཁོང་ཚོར“ཁྱིམ་གྱི་སྒོ་འགྲམ་གྱི་ཉེན་རྟོག་པ”ཞེས་འབོད་ཅིང་། ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཁྱིམ་གྱི་སྒོ་རྩར་བསྐྱོད་དེ་དམངས་འཚོར་ཞབས་འདེགས་ལེགས་པོ་ཞུས་ནས་བོད་ཀྱི་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་ཡོད་པ་རེད།

    ཞབས་ཞུའི་ནུས་རིམ་གྱི་མ་ལག་རང་བཞིན་ལ་མཆོང་སྐྱོད་བྱུང་བ།

    རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག་པའི་གཞི་རིམ་མངགས་གཏོང་ཁང་གི་འགན་ནུས་གཙོ་བོ་བདེ་འཇགས་དོ་དམ་བྱ་རྒྱུ་དེ་ཡིན་མོད། འོན་ཀྱང་ད་ཆ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་བདེ་འཇགས་སྐོར་གཡེང་ཚོད་འཛིན་དང་། ཉེན་བརྡ་དང་ལེན་དང་ཉེན་དོན་ཐག་གཅོད། འགྲིམ་འགྲུལ་བཤངས་པ། རོགས་སྐྱོབ་བདག་སྤྲོད། འགལ་བ་འདུམ་འགྲིག ཁྲིམས་སྐྱོང་དྲིལ་བསྒྲགས། དམངས་ཕན་ཞབས་ཞུ་སོགས་ནུས་མང་གཅིག་ཏུ་འདུས་པའི“སྤྱི་ཚོགས་བཅོས་སྐྱོང་གི་ལྟེ་བ་ཆུང་གྲས”དང“ཕྱོགས་བསྡུས་ཞབས་ཞུའི་མདུན་ཕྱོགས་སོ་ལྟ་བ”ཞིག་ཏུ་གྱུར་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་གཙུག་ལག་ཁང་ཐང་ཆེན་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་སྐྱོད་སྐབས་ངལ་གསོའི་རྐུབ་སྟེགས་དང་། མྱུར་སྐྱོབ་སྨན་སྒམ། གློག་གསོག་སྒྲིག་བཀོད། སྟེགས་འཁོར། སྟབས་བདེའི་ཉི་གདུགས། གསོ་རླུང་ལྕགས་ཀྲིན་སོགས་གང་དགོས་ཚང་མ་ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁག་གཅིག་གིས“ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་ས་མཐོའི་མྱུར་སྐྱོབ་ས་ཚིགས”ཟུང་འབྲེལ་བྱེད་སྟངས་གསར་དུ་བཏོད་པ་དང་དེའི་མྱུར་སྐྱོབ་ཞབས་ཞུའི་ཁྱབ་ཁོངས་ནང་ས་མཐོའི་ཐོལ་བྱུང་གནས་ཚུལ་ཐག་གཅོད་དང་། འཁོར་རིགས་ཆག་སྐྱོན་རོགས་སྐྱོབ། སྨན་བཅོས་རོགས་སྐྱོབ་སོགས་ཁྱབ་ཡོད། མིག་སྔར་ལ་དུག་བརྒྱབ་པའི་ཡུལ་སྐོར་བ་མི་ཉུང་བ་ཞིག་དང་དེ་བཞིན་རླངས་འཁོར་ཆག་སྐྱོན་སོགས་ཀྱི་ཛ་དྲག་གནས་ཚུལ་བདེ་བླག་ངང་ཐག་གཅོད་བྱས་ཡོད་པ་རེད། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་མཐའ་མཚམས་འཐབ་ས་དང་པོའི་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བ་དང་མཐའ་མཚམས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་འགན་ཁུར་བས་དེ་ནི་མིང་དོན་མཚུངས་པའི“མཐའ་སྲུང་བཙན་རྫོང”ཞིག་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། བོད་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་ལོར་ཆ་སྙོམས་མང་ཚོགས་མི་ཐེངས་ཁྲི་17ལྷག་ཙམ་ལ་ཞབས་ཞུ་དང་རོགས་སྐྱོབ་བྱས་པ་དང་མང་ཚོགས་ཀྱི་རོགས་སྐྱོབ་བདག་སྤྲོད་བྱེད་ཚད་ཁྲི་4ལྷག་ཙམ་ཟིན་ཡོད་པ་རེད།

    བཅོས་སྐྱོང་ནུས་ཕྱོད་ལ་དེང་རབས་ཅན་གྱི་མཆོང་སྐྱོད་བྱུང་བ།

    ད་ཆ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་གང་རུང་ཞིག་ལ་བསྐྱོད་ཚེ་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་རྣམ་པས་ཁེངས་ཤིང་། དྲ་སྦྲེལ་གློག་ཀླད་དང་བརྙན་ལམ་གྱི་ལྡིར་སོ་སྤྲོས་ཆས་ཀྱི་སྒྲིག་སྦྱོར་ཚང་མར་ཁྱབ་ཡོད། མི་དམངས་ཉེན་རྟོག་པས་བྱི་བརྡ་ལག་ནད་ལ་མནན་ཙམ་བྱས་ཚེ་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ཁུལ་དང་ལམ་མདོ་གཙོ་བོའི་སྣང་ཚུལ་ཚང་མ་དུས་ཐོག་ཏུ་ཤེས་ཐུབ། སྒུལ་བདེའི་ཉེན་དོན་མཐའ་སྣེ(PDA)དང་། 5Gཁྲིམས་སྒྱུར་ཟིན་ཐོའི་པར་ཆས། ངོ་རིས་ངོས་འཛིན་བསྡུར་ཐབས་མ་ལག་བཅས་སྤྱད་པས་ཐོབ་ཐང་ཞིབ་དཔྱད་དང་། ཆ་འཕྲིན་འཚོལ་བསྡུ། སྔོན་ཚུད་ཉེན་བརྡ་ཐག་གཅོད་བཅས་དེ་བས་གནད་སྨིན་ནུས་ཆེ་བྱུང་ཡོད། ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་དང་བཀའ་བཀོད་མགྱོགས་མྱུར་དང་ལེན་མངོན་འགྱུར་བྱུང་ཡོད་པ་རེད།

    རིག་ལྡན་མཐུན་སྦྱོར་དེ་དམངས་ཕན་ཞབས་ཞུ་དང་མཉམ་འདྲེས་གཏིང་ཟབ་བྱུང་ཞིང་། ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་བཙུགས་པའི་སྡེ་ཁུལ་གྱི་སྐད་འཕྲིན་ཚོགས་པ་སོགས་བདེ་འཇགས་དྲན་སྐུལ་ཡོངས་བསྒྲགས་དང་། སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས། ཁ་བསླུས་ངོ་རྒོལ་དྲིལ་བསྒྲགས། ཡུལ་བབ་དམངས་འདུན་བསྡུ་རུབ་བཅས་ཀྱི་ནུས་ཆེའི་ཐབས་ལམ་དུ་གྱུར་ནས་མི་དམངས་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་དྲ་ཐོག་སྦྲེལ་ཟམ་ལྟ་བུར་གྱུར་ཡོད་པ་རེད།

    གངས་ལྗོངས་ས་མཐོའི་གང་སར་རབ་ཏུ་གསལ་བའི་གློག་འོད་དག་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་དམིགས་བསལ་ཀྱི་ཐུགས་ཁུར་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་བ་དང་། བཅོས་སྐྱོང་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་བ། དམངས་འཚོའི་བདེ་རྩ་མངོན་གསལ་དོད་པོས་ཆེ་རུ་བཏང་བ་བཅས་ཀྱི་བསྡུས་རིས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།