སྒོ་དབྱེའི་ཉམས་ཚུལ་བཟང་པོར་བརྟེན་ནས་འཛམ་གླིང་ཡང་རྩེར་བརྟན་པོར་གནས་པར་བྱེད།
—— གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཝང་ཧྥང་ཧུང་ལ་བཅར་འདྲི་ཞུས་པ།
ལེ་ཚན་གཏོད་པའི་གཏམ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་། ཕྱག་བྲིས་ཕྱག་བསྟར་མ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པ་བསྩལ་ཏེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་སུ་ནམ་ཡང་བརྗེད་པར་དཀའ་བའི་དྲན་ཤེས་གསལ་པོ་ཞིག་དང་བོད་ལྗོངས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་རྣམ་པར་བཀྲ་བའི་མཚོན་རྟགས་ཤིག་བཞག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། དེ་རིང་ནས་བཟུང་། འདི་ག་ཚགས་པར་གྱིས“མངགས་བཅོལ་བརྟན་པོར་ངེས། དྲིན་ཚོར་འབད་འབུངས་བྱེད”ཅེས་པའི་ལེ་ཚན་བཏོད་ནས། གྲོང་ཁྱེར་ས་ཁུལ་བདུན་དང་དེ་བཞིན་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོར་བཅར་འདྲི་ཞུས་ཏེ། ཁོང་རྣམ་པས་གྲོང་ཁྱེར་དང་ས་ཁུལ་ཁག་དང་། ལས་རིགས་ཁག སྡེ་ཚན་ཁག་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པའི་བྱ་ཐབས་ཞིབ་ཕྲ་དང་། བསམ་ཕྱོགས། འཆར་གཞི་བཅས་ཀྱི་སྐོར་ལྷུག་པོར་གླེང་རྒྱུ་ཡིན། ཚང་མས་དོ་ཁུར་ཡོད་པ་ཞུ།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ཇི་ལྟར་བྱེད་པའི་སྐོར་ལ། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཝང་ཧྥང་ཧུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་དང་། ཕུགས་རིང་གི་དགོངས་པ། རེ་བ་ཆེན་པོ་བཅས་གཏིང་ཟབ་ཚོར་བར་བྱས་ཏེ། དྲིན་ཚོར་གྱི་བསམ་པ་དང་གུས་བཀུར་གྱི་བརྩེ་བ་དེ་སྲུང་སྐྱོང་གི་འདུན་པ་དང་། འབད་བརྩོན་གྱི་སེམས་ཤུགས། དོན་འཁྱོལ་གྱི་བྱ་ཐབས་བཅས་སུ་ཏན་ཏིག་བསྒྱུར་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིས་རྩེར་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་པའི་འགན་ལེན་ཏན་ཏིག་བྱེད་ཀྱི་ཡིན་ཞེས་བརྗོད།
དྲི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་འཆར་གཞི་བཀོད་པ་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། གཞིས་རྩེས་ཇི་ལྟར་བྱས་ནས་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་རྩིས་ཡོད་དམ།
ལན། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་ལ་ད་ཆའི་དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་ཞི་མཐུན། སྐྱེ་ཁམས་བཟང་པོ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མི་དམངས་བདེ་སྐྱིད་བཅས་ཀྱི་རྣམ་པ་བཟང་པོ་མངོན་པའི་རྩ་བ་ནི་འདིར་ཐུག་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་དང“ལོ་ལྔ་ཚན་གྱི་འཆར་འགོད”གཉིས་རྩིས་སྤྲོད་རྩིས་ལེན་བྱེད་པའི་གལ་ཆེའི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་བསྐྱར་དུ་འཆར་འགོད་དང་བཀོད་སྒྲིག་གནང་ནས་ང་ཚོར་དགོངས་པའི་ཁྲིད་སྟོན་དང་བསམ་པའི་སྐུལ་ལྕག་ཆེན་པོ་གནང་ཡོད།
ང་ཚོས་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་་བསམ་བློ་གཅིག་གྱུར་དང་། འདུན་པ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ། བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ལ་འགན་ལེན་བྱེད་པ། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། བློ་བརྟན་འགྱུར་མེད་ངང་བོད་ཀྱི་ཁྱད་ཆོས་དང་གཞིས་རྩེའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ། བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་གེགས་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་སྒོ་དབྱེ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་བཀོད་གནང་བའི་འཆར་གཞི་དེ་གོམ་པ་རེ་ལ་རྐང་རྗེས་རེ་འཇོག་པ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་ཐུབ་པ་བྱེད་ཀྱི་ཡིན།
དྲི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དིང་རིའི་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁྲལ་ཧ་ཅང་ཆེན་པོ་གནང་ནས་་སྐུ་ངོ་མས“དིང་རི་རྫོང་གི་གེགས་རྗེས་བསྐྱར་སྐྲུན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས”པའི་ཐདབཀོད་སྒྲིག་གནང་ཡོད་པས། གཞིས་རྩེས་མཛུབ་སྟོན་གལ་ཆེན་འདི་དོན་འཁྱོལ་ཇི་ལྟར་བྱས་ཡོད་དམ།
ལན། འདི་ལོའི་ཟླ་1ཚེས་7ཉིན་དིང་རིར་ས་ཡོམ་བརྒྱབ་རྗེས། འཕྲལ་སྡོམ་རོགས་སྐྱོབ་ཡིན་ནའང་འདྲ་ཡང་ན་གེགས་རྗེས་བསྐྱར་སྐྲུན་ཡིན་ནའང་འདྲ། མི་རྣམས་ཧང་སངས་དགོས་པའི“ཀྲུང་གོའི་མྱུར་ཚད”དང“ཀྲུང་གོའི་སྟོབས་ཤུགས”མངོན་པ་དང་། “མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”སྲིད་འཛིན་གྱི་འདུ་ཤེས་མཚོན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གེགས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁྲལ་ཆེན་པོ་དང་ཐུགས་ཁུར་ཆེན་པོ་གནང་མེད་ཚེ། ཡོམ་འགོག་གེགས་སེལ་ལ་གྲུབ་འབྲས་ཡག་པོ་འདི་འདྲ་ཐོབ་མི་སྲིད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། དཀའ་སྤྱད་དངོས་སྒྲུབ་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་བྱས་ཏེ་བསྐྱར་སྐྲུན་གྱི་ལས་འགན་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལེགས་སྒྲུབ་བྱེད་པ་དང་། དམངས་འཚོའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། བསྐྱར་སྐྲུན་ལས་དོན་གྱི་གཙོ་གནད་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ། ཕྱི་དངོས་པོའི་བསྐྱར་སྐྲུན་དང་ནང་བསམ་པའི་བློ་སྐྱེད་ལ་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་ཚད་ཤིང་འཛུགས་པ། མང་ཚོགས་ལ་ཁྱིམ་གཞིས་གསར་པ་ཡོད་པ་དང་། ཁོར་ཡུག་སྐས་རིམ་གསར་པར་སླེབས་པ། སྒྲིག་བཀོད་ལེགས་བཅོས་གསར་པ་བྱུང་བ། ཐོན་ལས་བཀོད་པ་གསར་པ་ཆགས་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཐའ་མཚམས་མི་དམངས་ལ་བཅངས་པའི་ཐུགས་ཁུར་དང་གཅེས་སྐྱོང་དེ་བས་གཏིང་ཟབ་ཚོར་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དེ་བས་གཏིང་ཟབ་ཚོར་བར་བྱེད་ཀྱི་ཡིན།
དྲི་བ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་གཟབ་འཁོར་ཐོག་གི“སྒོ་དབྱེའི་གཞིས་ཀ་རྩེ”ཞེས་པའི་སྦྱར་ཡིག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱུང་ཡོད། གཞིས་རྩེས་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་བའི་ཐད་དངོས་སྒྲུབ་ཀྱི་བྱ་ཐབས་གང་དག་བཏོན་ཡོད་དམ།
ལན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་ཡོད་པས་དོན་དངོས་ནས་འགོ་བཙུགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི“ཟམ་སྣེའི་བཙན་རྫོང”ཞིག་ཡིན་པའི་གཞིས་རྩེ་གྲོང་ཁྱེར་ནི་འགག་སྒོ་མང་ཤོས་ཡོད་པའི་བོད་ཀྱི་གྲོང་ཁྱེར་ཞིག་ཡིན་ཞིང་། དེ་ནི་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་ཀྱི་མདུན་གྲལ་དང་དགེ་མཚན་ལྡན་པའི་ས་ཁུལ་ཞིག་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བར་ཁྱམས་འཛུགས་སྐྲུན་གྱི་འདེགས་སྐྱོར་ས་ཁོངས་གལ་ཆེན་ཞིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེའི་རྣམ་པ་ལེགས་སུ་གཏོང་བ། ནེ་པ་ལ་དང་དངོས་སྒྲུབ་སྒོ་དབྱེའི་མཉམ་ལས་གཏིང་ཟབ་བྱེད་པ། འགག་སྒོའི་ནུས་པ་ཆེ་རུ་དང་ཞབས་ཞུ་ལེགས་གཏོང་དང་། བགྲོད་ལམ་ནུས་ཆེ་ཤར་བགྲོད། ཟོག་འགྲེམས་ཀྱི་སྤུས་འབྲས་ལེགས་གཉེར། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་སྒོ་དབྱེ་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ། “ཁྲོམ་ར་གཉིས”དང“ཐོན་ཁུངས་གཉིས”སྤྱི་འདོམས་བེད་སྤྱོད་བྱེད་པའི་ནུས་པ་དང་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་དབྱེ་བའི་བགྲོད་ལམ་གལ་ཆེན་མགྱོགས་མྱུར་སྐྲུན་པར་རམ་འདེགས་བཅས་བྱས་ཏེ་སྒོ་དབྱེའི་ཉམས་འགྱུར་བཟང་པོའི་ཐོག་ནས་འཛམ་གླིང་ཡང་རྩེར་འགྱིང་ངེར་ལངས་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།