དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《“བྱང་གསུམ”ལས་གྲྭའི་སྤྱིའི་འཆར་འགོད》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྒྲིག་བཟོ་བྱས་པའི《“བྱང་གསུམ”ལས་གྲྭའི་སྤྱིའི་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས། ས་ཁུལ་ཁག་གིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པར་མཛུབ་ཁྲིད་བྱས་ཏེ“བྱང་གསུམ”ལས་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་རེད།

    《འཆར་འགོད》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་ནན་ཏན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། བྱེ་འགོག་བྱེ་བཅོས་འགག་སྒྲོལ་གྱི་ཁ་ཕྱོགས་གཙོ་བོར་བྱེད་པ། བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་རྒྱུ་རྩ་བའི་དམིཌ་ཚད་དུ་བྱེད་པ། ལྗང་མདོག་རྒྱ་སྐྱེད་དང་། དར་སྤེལ། སྲུང་སྐྱོང་བཅས་ཀྱི“ལྗང་མདོག་གསུམ”མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ནགས་ཚལ་གྱི་ཆུ་མཛོད། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས“མཛོད་བཞི”མཉམ་འགུལ་ལ་སྐུལ་འདེད་གཏོང་བ། “སྤུས་ཚད་མཐོར་གཏོང”དང་། “ལས་དར” “དམངས་ཕན”བཅས་ལ་དེ་བས་སྣང་ཆེན་བྱས་ཏེ། བཅོས་སྐྱོང་གི་རྣམ་པ་ལེགས་སུ་ཤུགས་ཆེན་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། འཛུཌ་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་བརྟན་པོའི་ངང་གོང་མཐོར་གཏོང་རྒྱུ་ཡིན་པ་བཀོད་ཡོད།

    《འཆར་འགོད》ནང“བྱང་གསུམ”ལས་གྲྭའི་དུས་མཚམས་གསུམ་པ་དེ་ཁྱོན་དུས་ཐེངས་གསུམ་ལ་དབྱེ་ཡོད་ཅིང་། དེའི་ནང་2021ལོ་ནས་2030ལོ་བར་དུས་ཐེངས་དྲུག་པའི་ལས་གྲྭ་ཡིན་ཞིང་། རྨ་ཆུ་ཁུག་པའི་འགག་སྒྲོལ་དམག་འཐབ་དང་། ཁོར་ཆིན་དང་ཧུན་ཧྲན་ཏ་ཁེ་བྱེ་སའི་ཚར་གཅོད་དམག་འཐབ། རྨ་ནུབ་དོག་ལམ་ཐཱ་ཁེ་ལཱ་མ་ཀན་བྱེ་ཐང་མཐའ་སྣེའི་འགོག་རྒོལ་དམག་འཐབ་སོགས་མཚོན་བྱེད་རང་བཞིན་གྱི་གཡུལ་འགྱེད་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ་དང་། 2031ལོ་ནས་2050ལོ་བར་ནི་དུས་ཐེངས་བདུན་པ་དང་བརྒྱད་པའི་ལས་གྲྭ་ཡིན་ཞིང་། དེའི་ཁྲོད་དུས་ཐེངས་བདུན་པའི་ལས་གྲྭས་དུས་ཐེངས་དྲུག་པའི་ལས་གྲྭའི་བཅོས་སྐྱོང་གྲུབ་འབྲས་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་དང་། འགག་རྩའི་ས་ཁུལ་གྱི་སྔོ་ཁེབས་ཁེབས་ཚད་མུ་མཐུད་ཆེ་རུ་གཏོང་རྒྱུ་གཙོ་བོར་བྱེད་པ་དང་། དུས་ཐེངས་བརྒྱད་པས་སྤུས་འབྲས་ལེགས་གཉེར་དང་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་མཐོ་རུ་གཏོང་རྒྱུ་གཙོ་བོར་བྱ་རྒྱུ་ཡིན་པ་བཏོན་ཡོད།

    《འཆར་འགོད》ནང་ལས་གྲྭ་འཛུགས་སྐྲུན་གྱི་ཁྱབ་ཁོངས་དེ་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)13གྱི་རྫོང(གྲོང་ཁྱེར་དང་། ཆུས། ཆི)765དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཁོངས་སུ་གཏོགས་པའི་ཧྲི་དང་གྲོང་ཁྱེར་13ལ་ཁྱབ་ཅིང་། དེ་དག་ཤར་རྒྱུད་དེའུ་འབུར་བདེ་ཐང་ཁུལ་དང་། བྱང་རྒྱུད་བྱེ་རླུང་ཁུལ། ས་སེར་མཐོ་སྒང་ཁུལ། ནུབ་བྱང་ས་རྒོད་ཁུལ་སོགས་སྲུང་བཅད་འཛུགས་སྐྲུན་རིམ་པ་དང་པོའི་ཁུལ་4དང་རིམ་པ་གཉིས་པའི་ཁུལ་30ལ་ཁྱབ་ཡོད། དེ་དང་ཆབས་ཅིག སྐྱེ་ཁམས་སླར་གསོའི་བར་སྟོང་ལེགས་སུ་གཏོང་བ་དང་། མ་ལག་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལས་གྲྭའི་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། འདེགས་སྐྱོར་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་5ཡི་ལས་འགན་ཁག་23གྱི་བཀོད་སྒྲིག་ཁ་གསལ་བཏོན་ཡོད།

    《འཆར་འགོད》ནང་རྒྱལ་ཁབ་ཀྱིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་འགན་གཙོ་བོ་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བཅས་མཐའ་འཁྱོངས་བྱེད་པ་དང་། ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ཏེ། ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་ནགས་དཔོན་ལམ་ལུགས་དང་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བྱེ་འགོག་བྱེ་བཅོས་ཀྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ནང་འཇུག་དགོས་པ་དང་། རྒྱུན་མཐུད་བརྟན་ལྷིང་གི་ལས་གྲྭའི་མ་འཇོག་ལམ་སྲོལ་འཛུགས་པ་དང་། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་ཁྲལ་དང་ས་ཆ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ། ལྗང་མདོག་དངུལ་རྩ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་སྤུས་ཚད་དང་མ་དངུལ་གྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་དགོས་པ། སྣ་མང་བྱེད་པོ་ལས་གྲྭ་འཛུགས་སྐྲུན་དང་བདག་སྐྱོང་ལ་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ་གཞུང་ཁོངས་ཁེ་ལས་དང་། དམངས་གཉེར་ཁེ་ལས། སྤྱི་ཕན་རྩ་འཛུགས་སོགས་བྱེད་པོ་ཁག་གིས་འཛུགས་སྐྲུན་ལས་འགན་འཁུར་རྒྱུར་སྐུལ་ལྕག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།