“ཁམ་ཀྲུང་ཞིང་ཞོར་ཐོན་ཟོག་ཚོང་དོན་རྒྱ་སྐྱེད་གཏོང་བའི་བར་མཐོངས་ཧ་ཅང་ཆེན་པོ་ཡོད”
འདི་ནི་ཁམ་ཕུ་ཁྲེའི་ཕུང་ཧྲི་པེ་ཞིང་ཆེན་གྱི་ཀྲུང་གོས་མ་རྩ་བཏང་བའི་ཨ་མྲ་ལས་སྣོན་ཁང་ཞིག་ཏུ་ལས་མིས་ཨ་མྲའི་སྐམ་ཟན་བཟོ་བཞིན་པ། འདི་ག་ཚགས་པར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ལྟེ་གནས་ཡན་ལག་ཁང་གི་ཆའོ་ཨེན·ཐི་ཡ་ལཱ་ཡིས་པར་བརྒྱབ།
འདི་ནི་ཁམ་ཕུ་ཁྲེའི་ཅུས་ཅིང་ཞིང་ཆེན་གྱི་ཀྲུང་གོས་མ་རྩ་བཏང་བའི་ངང་ལག་འདེབས་འཛུགས་གླིང་ཞིག་ཏུ་ལས་མིས་བཏུས་མ་ཐག་པའི་ངང་ལག་ཐུམ་སྒྲིལ་བཟོ་གྲྭར་དབོར་བའི་ཤུར་འཁོར་ལ་འགེལ་བཞིན་པ། འདི་ག་ཚགས་པར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལྟེ་གནས་ཡན་ལག་ཁང་གི་ཆའོ་ཨེན·ཐི་ཡ་ལཱ་ཡིས་པར་བརྒྱབ།
འདི་ནི་ཁམ་ཕུ་ཁྲེའི་ཤིས་ཧ་ནུའུ་ཁེ་ཞིང་ཆེན་གྱི་བེ་ཏ་ལྡུམ་ར་ཞིག་ཏུ་ཤིང་འབྲས་འདེབས་མཁན་གྱིས་བེ་ཏ་འཐོག་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་པའེ་ཡོན་ཆི་ཡིས་པར་བརྒྱབ།
ཁམ་ཕུ་ཁྲེ་ནས་ཀྲུང་གོར་གཏོང་བའི་ཞིང་ཞོར་ཐོན་ཟོག་གི་མངགས་ཐོ་མང་དུ་སོང་ནས་ས་གནས་དེ་གའི་ཐོན་ལས་རིམ་སྤོར་མྱུར་པོ་ཡོང་བར་སྐུལ་ཁྲིད་ཐེབས་པ།
མིག་སྔར། ཁམ་ཕུ་ཁྲེ་དང་ཀྲུང་གོའི་ཞིང་ལས་ཐོན་ཟོག་གི་ཚོང་དོན་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཁམ་ཕུ་ཁྲེ་ནས་ཀྲུང་གོར་གཏོང་བའི་ཤིང་ཏོག་གི་མངགས་ཐོ་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད། འདི་ལོའི་ཟླ་8པར། ཁག་དང་པོའི་ཤིང་ཏོག་ལིའུ་ལན་སོས་པ་ཏུན་2ཁམ་ཕུ་ཁྲེ་ནས་ཀྲུང་གོའི་ཧོ་ནན་དུ་མཁའ་ཐོག་སྐྱེལ་འདྲེན་བྱས་པ་དེ་ཐོག་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཤིང་ཏོག་སོས་པའི་མཁའ་ལམ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་གྱི་ཡོད། ཤིང་ཏོག་ལིའུ་ལན་དེ་ཡང་ངང་ལག་དང་། ཨ་མྲ། འབྲུག་མིག བེ་ཏ་བཅས་ཕུད་པའི་ཀྲུང་གོར་ཐད་ཀར་མཁོ་སྤྲོད་ཀྱི་ཐོབ་ཐང་རག་པའི་ཁམ་ཕུ་ཁྲེའི་ཤིང་ཏོག་སོས་པའི་རིགས་ལྔ་པ་དེ་ཡིན་པ་རེད། ཀྲུང་ཁམ་གྱི་ཞིང་ལས་ཐོན་ཟོག་ཚོང་དོན་དང་འགག་སྒྲོལ་སྟབས་བདེ་ཅན་གྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ཅིང་། ཁམ་ཕུ་ཁྲེའི་ཞིང་ནགས་ཉ་ལས་པུའུ་ཡི་བློན་ཆེན་ཏེང་ཏི་ནཱ་ཡིས“ཀྲུང་གོའི་ཁྲོམ་རས་ཁམ་ཕུ་ཁྲེའི་སྤུས་ལེགས་ཞིང་ལས་ཐོན་ཟོག་ཕྱིར་གཏོང་ལ་གོ་སྐབས་གལ་ཆེན་སྐྲུན་གྱི་ཡོད་པ་དང་། ཁམ་ཀྲུང་དབར་གྱི་ཞིང་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེ་ཁམ་ཕུ་ཁྲེའི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བཤད།
2024ལོའི་ཟླ་2པར། ཁམ་ཕུ་ཁྲེ་ཡིས་ཀྲུང་གོར་དངོས་སུ་བེ་ཏ་སོས་པ་ཕྱིར་གཏོང་བྱེད་འགོ་བཙུགས་ཤིང་། 2023ལོར་ཁམ་ཕུ་ཁྲེའི་བེ་ཏ་ཐོན་ཚད་ཏུན་ཁྲི་25ལས་བརྒལ་ནས་དུས་མཚུངས་ལས་2.4%འཕར་ཡོད་པ་རེད།
“དེ་སྔོན་འབྲས་ཤིང་ལྡུམ་ར་འདིའི་ནང་བེ་ཏ་གང་སར་རུལ་ནས་བཞག་པ་མཐོང་རྒྱུ་ཡོད”ཅེས་ཁམ་ཕུ་ཁྲེའི་ཧ་ཝེ་ཀུང་སིའི་འགན་འཁུར་བ་ལིན་ཅན་ཀྲུང་གིས་ཁའོ་ཨེན་གྱི་ཞིང་རར་མཛུབ་མོ་བཙུགས་ནས་བཤད། ཁམ་ཕུ་ཁྲེའི་བེ་ཏ་ཀྲུང་གོར་ཕྱིར་གཏོང་གི་ཆོག་མཆན་ཐོབ་རྗེས། ལིན་ཅན་ཀྲུང་དང་ཚོགས་པ་འཕྲལ་དུ་ཤིས་ཧ་ནུའུ་ཁེ་ཞིང་ཆེན་དང་ཕུང་ཧྲི་པེ་ཞིང་ཆེན་སོགས་སུ་རྟོག་ཞིབ་བྱེད་པར་བསྐྱོད་དེ་ས་གནས་དེ་གའི་ཤིང་ཏོག་འདེབས་མཁན་དང་མཉམ་ལས་ཀྱི་གྲོས་མོལ་བྱས་ནས་ལོ་མང་ཉམས་རྒུད་དུ་སོང་བའི་བེ་ཏ་ལྡུམ་རར་སླར་ཡང་གསོན་ཤུགས་རྒྱས་ཏེ་སྐུལ་ཁྲིད་ཐེབས་པ་རེད། ལིན་ཅན་ཀྲུང་གིས“ང་ཚོའི་ཉོ་སྒྲུབ་རིན་གོང་ནི་ཤིང་ཏོག་འདེབས་མཁན་གྱིས་ལམ་འགྲམ་དུ་སིལ་ཚོང་བྱེད་པའི་རིན་གོང་གི་ལྡབ་གཉིས་ལྷག་ཙམ་རེད”ཅེས་བཤད།
ཁྲོམ་རའི་མདུན་ལམ་བཟང་པོ་མཐོང་སྐབས། ལོ་མང་རིང་ཐེ་ལན་དུ་ཤིང་འབྲས་ལྡུམ་རར་དོ་དམ་བྱས་ནས་བསྡད་པའི་ཁའོ་ཨེན་གྱིས་ཕ་ཡུལ་དུ་ལོག་རྒྱུའི་གདམ་ག་བྱས་ཏེ་བེ་ཏ་ལྡུམ་རར་བདག་སྐྱོང་ཞིབ་ཚགས་བྱས་པ་མ་ཟད། ཧ་ཝེ་ཀུང་སིའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཏུའང་གྱུར་ཡོད། “ཀྲུང་གོའི་ཁྲོམ་རར་ཧ་ཅང་མཁོ་བས་ང་ཚོའི་བེ་ཏ་འདོན་ཚད་ལས་མཁོ་ཚད་ཆེ་བ་འདུག”ཅེས་ཤིས་ཧ་ནུའུ་ཁེ་ཞིང་ཆེན་པོ་ལུའེ་ནོ་རྫོང་གི་བེ་ཏའི་ཞིང་ར་ཞིག་གི་ཅིང་ལི་ཁའོ་ཨེན་གྱིས་དགོད་བཞིན་བཤད།
མིག་སྔར། ཀྲུང་ཁམ་ཞིང་ལས་ཐོན་ཟོག་ཚོང་དོན་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ཞིང་། ཁམ་ཕུ་ཁྲེའི་ཚོང་ལས་པུའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2025ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། རྒྱལ་ཁབ་དེའི་ཞིང་ལས་ཐོན་ཟོག་གཙོ་བོ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་24ལས་བརྒལ་བ་དེ་དུས་མཚུངས་ལས་7.5%འཕར་བ་དང་། དེའི་ནང་ཀྲུང་གོ་ནི་ཕྱིར་གཏོང་ཁྲོམ་ར་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། ཀྲུང་གོ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་བསྡོམས་རྩིས་ལ་གཞིགས་ན། ད་ལོའི་དུས་ཚིགས་དང་པོར། ཀྲུང་གོས་ཁམ་ཕུ་ཁྲེ་ནས་ཞིང་ལས་ཐོན་ཟོག་ནང་འདྲེན་བྱས་པའི་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་9.8ཟིན་པ་དེ་དུས་མཚུངས་ལས་12.2%འཕར་ནས། དུས་མཚུངས་ཀྱི་ཕྱོགས་གཉིས་པོའི་ཚོང་དོན་བསྡོམས་འབོར་གྱི་1/4ལས་བརྒལ་ཡོད། ཞིང་ལས་ཐོན་ཟོག་དེ་བས་མང་བ་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཆོག་མཆན་ཐོབ་པ་དང་བསྟུན་ནས། སྤུས་ཚད་སྔར་བས་འགན་ལེན་བྱ་ཆེད། ཁམ་ཕུ་ཁྲེའི་ཞིང་ནགས་ཉ་ལས་པུས་འདེབས་འཛུགས་བྱ་ཡུལ་དང་། ལས་སྣོན་བཟོ་རྩལ། སྤུས་ཚད་ཚད་གཞི་སོགས་ཀྱི་ཆ་འཕྲིན་ཚུད་པའི་ཐོག་མའི་ཐོན་ཡུལ་དབྱེ་འབྱེད་ཀྱི་རྩ་གཉིས་ཨང་རྟགས་མ་ལག་བསྐྲུན་ཏེ། ཐོན་ཟོག་གི་ཡོང་ཁུངས་དང་བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྩིས་ཡོད་པ་རེད།
དེ་དང་ཆབས་ཅིག ཁེ་ལས་མང་པོས་ཁམ་ཕུ་ཁྲེའི་ཤིང་ཏོག་ལིའུ་ལན་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཚོང་ལས་གོ་སྐབས་འཚོལ་བཞིན་ཡོད། 2021ལོར་ཁམ་ཕུ་ཁྲེའི་ཨ་མྲ་ཀྲུང་གོར་ཕྱིར་གཏོང་བྱེད་ཆོག་པ་དང་བསྟུན་ནས། ཁམ་ཕུ་ཁྲེའི་རྒྱལ་ཡོངས་སུ་དུས་ཐུང་ནང་ཨ་མྲ་སྐམ་ཟན་ལས་སྣོན་བཟོ་གྲྭ་200ལྷག་ཙམ་མང་དུ་ཕྱིན་ཏེ་བྲིན་ཁ་རྒྱུག་པོ་བྱུང་ཡོད།
ཁམ་ཕུ་ཁྲེའི་ཁམ་ཀྲུང་འབྲེལ་བ་འཕེལ་རྒྱས་སློབ་ཚོགས་ཀྱི་ཚོགས་གཙོ་ཤིས་མོ་ཉི་ལེས། ཀྲུང་གོ་ནི་ཁམ་ཕུ་ཁྲེའི་ཞིང་ལས་ཐོན་ཟོག་ཚོང་དོན་རྒྱལ་ཁབ་ཆེ་གྲས་ཨང་དང་པོ་ཡིན་པ་དང་། ད་ལོ་ཁམ་ཕུ་ཁྲེའི་ཞིང་ལས་ཐོན་ཟོག་རིགས་3ཕྱིར་གཏོང་བྱེད་མང་དུ་ཕྱིན་པ་དེ་ཐོག་ནས་ཁམ་ཀྲུང་ཞིང་ལས་ཚོང་དོན་མཉམ་ལས“ཞུགས་འཐུས་ཆོག་པ”ནས“ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང”གི་དུས་མཚམས་གསར་པར་སླེབས་པ་མཚོན་པས“ཁམ་ཀྲུང་ཞིང་ལས་ཐོན་ཟོག་ཚོང་དོན་རྒྱ་སྐྱེད་གཏོང་བའི་བར་མཐོངས་ཧ་ཅང་ཆེན་པོ་ཡོད”ཅེས་བརྗོད་པ་རེད།
(འདི་ག་ཚགས་པར་ཁང་དུ་ཁམ་ཕུ་ཁྲེའི་ཤིས་ཧ་ནུའུ་ཁེ་གྲུ་ཁ་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།