རྒྱལ་ཁའི་གཟི་བརྗིད་དང་དུ་བླངས་ནས་ཞི་བདེའི་བྱ་གཞག་རླབས་པོ་ཆེ་མཉམ་དུ་གཏོད།
ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་འཆི་གསོན་ལ་ཐུག་པའི་འགྲན་རྩོད་འདིའི་ནང་ཀྲུང་གོ་དང་སུའུ་ལེན་སོགས་འཛམ་གླིང་ཡོངས་ཀྱི་དྲང་བདེན་སྟོབས་ཤུགས་ཀྱིས་དགྲ་ལ་མཉམ་སྡང་དང་དྲང་བདེན་ཆེད་རང་སྲོག་བློས་གཏོང་བྱས་ཏེ། རི་ཀླུང་གི་ཤོག་ཐང་སྟེང་དུ་ཤ་ཁྲག་གི་སྨྱུ་གུས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་ཆགས་འཇིག་ཆེད་དམག་འཐབ་དང་། མི་རིགས་བསྐྱར་དར་ཆེད་འབད་འབུངས། མིའི་རིགས་ཀྱི་དྲང་བདེན་ཆེད་འགོག་རྒོལ་བཅས་བྱེད་པའི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས་ཡོད།
ཀྲུང་གོ་དང་སུའུ་ལེན་ནི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གཡུལ་ས་གཙོ་བོ་ཡིན་པས། ཤར་ནུབ་གཡུལ་ས་ཆེན་པོ་གཉིས་ཀྱིས་གཅིག་ཕན་གཅིག་རོགས་བྱས་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་དམག་འཐབ་དྲག་པོ་བྱས་ཏེ། མིའི་རིགས་ཀྱི་ཤེས་དཔལ་གྱི་མཐའ་ཚད་མཉམ་དུ་བསྲུངས་ནས་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ཆགས་པར་རྨང་གཞི་བཏིང་བ་དང་། ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་ཞུམ་མེད་འགོག་རྒོལ་བྱེད་པའི་མེ་ལྕེ་སྔ་ཤོས་དེ་སྤར་ཡོད། ལོ་ངོ་14ཡི་རིང་ཁྲག་བཏོན་དམར་འཛིང་བྱས་པས་དམག་དམངས་ཁྲི་3500ལྷག་འཆི་རྨས་སོང་བ་དང་། ཀྲུང་ཧྭའི་བུ་ཕྲུག་གིས་ཕོ་ཟད་མོ་ལ་ཐུག་པ་དང་ལག་ཟད་དཔུང་ལ་ཐུག་ཀྱང་བློ་སེམས་གཅིག་སྒྲིལ་ངང་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་གཡུལ་ས་གཙོ་བོ་བཏེགས་ཡོད། ཨུ་རུ་སུའི་མི་དམངས་དང་དེ་བཞིན་སྤུན་ཟླའི་མི་རིགས་གཞན་དག་གིས་ཉིན་མཚན་1418ཁྲག་བཏོན་འགོག་རྒོལ་བྱས་པ་དང་མི་ཁྲི་2700ལྷག་ཙམ་གྱི་རང་སྲོག་ཤོར་བའི་ཡ་ང་བའི་རིན་དོད་བཏོན་ནས་ན་ཙིར་བཙན་འཛུལ་བའི་ཧམ་སེམས་རྦད་དེ་ཐལ་བའི་རྡུལ་དུ་བརླགས་ཏེ། ཡོ་རོབ་དང་ཐ་ན་འཛམ་གླིང་དམག་འཁྲུག་གི་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བཏང་ཡོད། རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་རྒྱུས་ཀྱི་གནས་ཚད་ཐོག་ལངས་སྐབས། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དཔུང་པ་མཉམ་གཤིབ་ཀྱིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ། ལག་གདང་སྦྲེལ་ནས་ལོ་རྒྱུས་ཀྱི་བདེན་དོན་སྲུང་སྐྱོང་དང་དྲང་བཞག་དྲང་བདེན་སྲུང་སྐྱོང་བྱས་ཏེ། དམག་ཆེན་གཉིས་པའི་ལོ་རྒྱུས་གཡོ་བཅོས་བྱེད་པའི་སྤྱོད་ངན་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་རེད།
དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་གཙོ་བོ་ཡིན་པའི་ཀྲུང་ཨུས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་སེམས་ལ་བཅངས་ནས། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་ཐོག་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་མནའ་མཐུན་གྱི་ཁོངས་མི་གལ་ཆེན་གཞན་དག་དང་མཉམ་དུ་གྲོས་མོལ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་འཛུགས་པ་དང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》བཟོ་བ་སོགས་བྱས་ཏེ། མིའི་རིགས་ཀྱི་མཐུན་སྒྲིལ་དང་སྤྱི་ཚོགས་ཡར་ཐོན་གྱི་ཤོག་ངོས་གསར་པ་ཞིག་ཕྱེ་ཡོད། ལོ་བརྒྱའི་འགྱུར་ལྡོག་གི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་ཡར་ཐོན་གྱི་སྟོབས་ཤུགས་ཡིན་པའི་ངོས་ནས་ཀྲུང་ཨུས་མུ་མཐུད་འགན་འཁྲི་ཏན་ཏིག་འཁུར་བ་དང་། དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་མཐའ་གཅིག་ཏུ་སྲུང་སྐྱོབ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།
མིང་མེད་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་ནམ་ཡང་མི་ནུབ་པའི་སྒྲོན་མེའི་མེ་ལྕེ་ལྷོག་ལྷོག་ཏུ་འབར་བ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་ཞི་བདེའི་གླུ་དབྱངས་ལྷང་ལྷང་དུ་གྲགས། ད་ལོའི་ཟླ་5པར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད། སྟོན་ཟླ་9པར། པེ་ཅིང་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སླར་ཡང་ཞལ་འཛོམས་གལ་ཆེན་གནང་བར་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་གཏོད་པའི་དོན་སྙིང་ཟབ་མོ་ལྡན་ཡོད་པས། དེ་ཉིད་ཀྲུང་ཨུའི་འབྲེལ་བའི་ལོ་རྒྱུས་ཐོག་འཛིན་སྐྱོང་སྤེལ་གསུམ་དང་སྔ་འཛིན་ཕྱི་གཏོད་བྱེད་པའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ལ་འགྱུར་ངེས་རེད། ཀྲུང་ཨུས་འདི་གོ་སྐབས་སུ་བཟུང་སྟེ། གཟི་བརྗིད་བློ་ལ་བརྟན་པོར་ངེས་ནས་མཉམ་དུ་ཞི་བདེ་སྲུང་བ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་མཁན་དང་། དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་མཁན། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ལག་ལེན་བསྟར་མཁན་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་ཚད་རླབས་པོ་ཆེའི་ཕྱོགས་སུ་དཔུང་པ་མཉམ་གཤིབ་ངང་མདུན་སྐྱོད་བྱ་རྒྱུ་རེད།
(རྩོམ་པ་པོ་ནི་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)
འབྲེལ་ཡོད་གསར་འགྱུར།