དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལྷ་ས་ནས་མེ་ཏོག་བར་གྱི་ཉིན་མཚན་གསུམ་གྱི་ལམ་ཐག

    སྐུར་མ་སྐྱེལ་བའི་དུས་ཚོད་ལས་མེ་ཏོག་གི་འགྱུར་ལྡོག་ཆེན་པོ་མཐོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡོན་ཆོན། ཞུས་ཡུས་ཡའོ།   |     སྤེལ་དུས།  2025-09-15

    འདི་ནི་མྱུར་སྐྱེལ་བས་མེ་ཏོག་རྫོང་དུ་སྐུར་མ་སྐྱེལ་བཞིན་པ།

    འདི་ནི་རླངས་འཁོར་ཁྲབ་མེ་གཞུང་ལམ་ནས་སྐྱོད་བཞིན་པ།


    གླེང་གཞི།

    མེ་ཏོག་རྫོང་ཐག་རིང་པོ་ཡོད་དམ།

    མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་སུ་གནས་པའི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཁོངས་གཏོགས་མེ་ཏོག་རྫོང་དུ་དུས་ཡུན་རིང་པོ་ཞིག་ལ་གཞུང་ལམ་ཤར་གཏོང་མི་ཐུབ་པའི་དབང་གིས་སྐབས་ཤིག་རིང“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་བརྗོད་ཀྱི་ཡོད།

    འདི་ནས་དྲ་དངོས་ཉོས་ཚེ་ག་དུས་འབྱོར་རམ།

    2013ལོར་ཁྲབ་མེ་གཞུང་ལམ་ཤར་གཏོང་ཐུབ་རྗེས་མེ་ཏོག་གིས“རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་རྫོང་འབའ་ཞིག”གི་མིང་བསྐྱུར་ནས་དྲ་ཉོ་མེད་པ་ནས་ཡོད་པར་གྱུར་ཏེ་རིམ་བཞིན་ས་གནས་དེ་གའི་ཡུལ་མིའི་འཚོ་བའི་ཕྱོགས་གང་སར་ཁྱབ་ཡོད། དེ་སྔ་སྐུར་མ་བསྐུར་ན་ཟླ་ཕྱེད་དང་ཐ་ན་དེ་ལས་རིང་བ་འགོར་བ་ནས་ད་ལྟ་མགྱོགས་ཤོས་སུ་ཉིན་གསུམ་ལས་དགོས་ཀྱི་མེད།

    2024ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གྲོང་ཚོ་རིམ་པའི་བསྐུར་སྐྱེལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་4646ཡོད་པ་དང་། ཉིན་ལྟར་གྲོང་ཚོར་སྐུར་མ་བསྐུར་སྐྱེལ་བྱེད་ཚད་ཁྲི་2.1ཟིན་ནས་ཁྱབ་ཚད་98%ཟིན་པའི་གྲོང་ཚོའི་བསྐུར་སྐྱེལ་ཟོག་འགྲུལ་དྲ་རྒྱ་བསྐྲུན་ཟིན་ཡོད།

    ཉེ་ཆར་གསར་འགོད་པས་མྱུར་སྐྱེལ་རླངས་འཁོར་ཞིག་དང་མཉམ་དུ་ལྷ་ས་ནས་མེ་ཏོག་རྫོང་དུ་སྐུར་མ་སྐྱེལ་བར་བསྐྱོད་དེ་བོད་ཀྱི་དྲ་ཐོག་ཚོང་དོན་དང་ཟོག་འགྲུལ་གྱི་འཕེལ་རྒྱས་ལམ་བུར་ལྟ་ཞིབ་བྱས་ནས་གངས་ལྗོངས་ས་མཐོའི་འགྱུར་ལྡོག་ཆེན་པོ་ཟིན་ཐོར་བཀོད་པ་ཡིན།

    མཛོད་ཉར་གྱི་འགྱུར་ལྡོག

    སྲོལ་རྒྱུན་གྱི་དོ་དམ་ནས་དེང་རབས་ཚན་རྩལ་གྱི་དོ་དམ་བར།

    དུས་ཚོད། ཟླ་8ཚེས་8ཉིན་གྱི་མཚན་མོ་ནས་ཟླ་8ཚེས་9ཉིན་གྱི་ཐོ་རེངས་བར།

    ས་གནས། ལྷ་ས་གྲོང་ཁྱེར།

    མཚན་མོར་ཅིང་ཏུང་ཟོག་འགྲུལ་ལྷ་སའི་མཛོད་ཁང་དུ་སྔར་བཞིན་གློག་སྒྲོན་གསལ་བ་དང་འདྲེན་ཐག་ནས་འུར་སྒྲ་གྲགས་ཏེ་འཁོར་སྐྱོད་བྱེད་བཞིན་ཡོད། དངོས་ཟོག་རེ་རེ་གོ་རིམ་ལྡན་པའི་ངང་མཛོད་ཁང་ནས་བཏོན་ཏེ་མེ་ཏོག་རྫོང་དུ་སྐྱེལ་རྩིས་ཡོད་པ་རེད།

    “བོད་དུ་འཛད་སྤྱོད་པས་ཅིན་ཏུང་རང་གཉེར་ནས་ཚོང་ཟོག་ཉོས་ཚེ། ལྷ་སར་ཉིན་དེ་རང་ངམ་ཡང་ན་ཉིན་གཉིས་པར་འབྱོར་བ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་། གྲོང་ཁྱེར་གཞན་དུ་ཡང་ཉིན་གསུམ་དང་ལྔའི་ནང་ཚུན་དུ་འབྱོར་གྱི་ཡོད”ཅེས་ཅིན་ཏུང་ཟོག་འགྲུལ་བོད་ལྗོངས་ས་ཁུལ་གྱི་ལས་སྒོའི་འགན་འཁུར་བ་ཝུན་པའོ་ཕེང་གིས་བཤད།

    དེ་སྔོན་མགྱོགས་པོ་འདི་འདྲ་མེད། 2015ལོར་ཅིང་ཏུང་གིས་བོད་དུ་གློག་ཆས་ཆེ་གྲས་སྐྱེལ་བའི་ཞབས་འདེགས་ཞུས་ཀྱང་། སི་ཁྲོན་ཁྲེང་ཏུའུ་དང་ཧྲའན་ཤིས་ཤིས་ཨན་སོགས་ནས་ཚོང་ཟོག་འཐེན་དགོས་པས་འཛད་སྤྱོད་པའི་ལག་ཏུ་འབྱོར་བར་ཟླ་ཕྱེད་ཙམ་འགོར་གྱི་ཡོད་ཅེས་དབུན་པའོ་ཕེང་གིས་དཔེ་བཞག་ནས་བཤད།

    2017ལོའི་ཟླ་ལྔ་པར་ཅིང་ཏུང་ཟོག་འགྲུལ་ལྷ་སའི་མཛོད་ཁང་བསྐྲུན་ནས་ཅ་ལག་སྐྱེལ་འགོ་ཚུགས་ཤིང་། “ས་གནས་དེ་གའི་མཛོད་ཁང་གིས་སྔོན་ཚུད་ནས་ཚོང་ཟོག་གྲ་སྒྲིག་བྱས་ཏེ་ཐག་ཉེ་སར་སྐྱེལ་ཐུབ་པར་བྱེད་ཀྱི་ཡོད”ཝུན་པའོ་ཕེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཅིང་ཏུང་ལྷ་སའི་མཛོད་ཁང་དུ་མཛོད་ཉར་ཚོང་ཟོག་སྣ་ཁ་ཁྲི་8ལྷག་ཙམ་ཡོད་པར་ཁྱིམ་སྤྱོད་གློག་ཆས་དང་། འབྲུ་སྣུམ། བྱུག་རྫས་སོགས་ཚང་མ་ཡོད་པ་དང་། ལོ་རེར་ཚོང་ཟོག་ཁྲི་བརྒྱ་ཕྲག་ཁ་ཤས་འཐེན་གྱི་ཡོད་པས་འཛད་སྤྱོད་པས་ཉོས་པའི་ཚོང་ཟོག་གི་བརྒྱ་ཆ་བརྒྱད་ཙམ་མཛོད་ཁང་འདི་ནས་གཏོང་ཐུབ་ཀྱི་ཡོད་པ་རེད།

    མཁོ་སྤྲོད་འཐུས་སྒོ་ཚང་དུ་བཏང་ནས་དགོས་མཁོར་སྐུལ་སྤེལ་བྱས་ཤིང་། འདི་ལོའི་ལོ་སྟོད་དུ་བོད་ཀྱི་དྲ་རྒྱའི་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར་180.7ཟིན་ནས་དུས་མཚུངས་ལས་38.6%འཕར་བ་དང་། དེའི་ནང་ཚོང་ཟོག་གི་དྲ་རྒྱའི་སིལ་ཚོང་གྲངས་འབོར་གྱིས་86.1%བཟུང་བ་དེ་དུས་མཚུངས་ལས་39.3%འཕར་ཡོད།

    མཛོད་ཁང་ནང་གད་འཕྱག་འཕྲུལ་མི་ལས་ཅུང་ཆེ་བའི་སྒྲིག་ཆས་ཤིག་གིས་མཐོ་ཚད་སྨི་2ཙམ་གྱི་ཟོག་སྒྲོམ་ནས་སྐུར་མ་སྐྱེལ་བཞིན་ཡོད།

    “འདི་ནི་ང་ཚོས་རང་རྟེན་ཞིབ་སྤེལ་བྱས་པའི‘ས་སྤྱང’འཕྲུལ་མི་ཡིན། རིག་ནུས་ཟོག་འགྲུལ་དབོར་འདྲེན་མ་ལག་ལ་བརྟེན་ནས་མི་མེད་ལས་སྒྲུབ་མངོན་འགྱུར་བྱུང་ཡོད། མི་ཐབས་དབྱེ་འབྱེད་དང་བསྡུར་ན་ལས་ཆོད་ལྡབ་གསུམ་ཙམ་ཇེ་ཆེར་སོང་ཡོད”ཅེས་དབུན་པའོ་ཕེང་གིས་བཤད།

    ལུགས་མཐུན་གྱི་མཛོད་ཉར་ནི་ས་གནས་དེ་གའི་མཛོད་ཁང་གི་འགག་རྩ་ཡིན། ཚོང་ཟོག་གསོག་འཇོག་མང་པོ་བྱས་ན་མཛོད་ཁང་གི་ཐོན་ཁུངས་མང་པོ་བཟུང་སྤྱོད་བྱེད་པ་མ་ཟད། ཁེ་ལས་ཀྱི་དངུལ་སྨར་འཁོར་རྒྱུག་གི་ཁུར་པོ་ཡང་ཇེ་མཐོར་འགྲོ་སྲིད། གལ་ཏེ་ཚོང་ཟོག་གྲ་སྒྲིག་མི་འདང་ན་ས་ཁོངས་བརྒལ་ནས་ཚོང་ཟོག་འཐེན་དགོས་པས། དེ་ལས་ལྡོག་སྟེ་ཟོག་འགྲུལ་གྱི་དུས་ཆོད་འགན་ལེན་བྱེད་ཐབས་བྲལ།

    ལུགས་མཐུན་གྱི་མཛོད་ཉར་མངོན་འགྱུར་ཇི་ལྟར་བྱེད་དགོས། ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས་སྲོལ་རྒྱུན་གྱི་དོ་དམ་དེང་རབས་ཚན་རྩལ་གྱི་དོ་དམ་ལ་བསྒྱུར་དགོས།

    ཝུན་པའོ་ཕེང་གིས་གློག་ཀླད་ཁ་འབྱེད་སྐབས། གྲངས་ཀ་རེ་རེ་འགྱུར་ལྡོག་འགྲོ་བཞིན་ཡོད། “ས་མཐོའི་དབྱར་དུས་དང་ཡུལ་སྐོར་བ་མང་བའི་དུས་ཡོལ་ལ་ཉེ་བས། ང་ཚོས་ཞྭ་མོ་དང་། ཉི་འགོག་ཤ་གསོས། ཉི་གདུགས་སོགས་ཀྱི་གྲང་འབོར་ཉུང་དུ་བཏང་བ་ཡིན”ཁོང་གིས་གྲངས་གཞིར་མཛུབ་མོ་བཙུགས་ཏེ“གྲངས་གཞི་ཆེན་པོས་ས་གནས་དེ་གའི་མང་ཚོགས་ཀྱི་ཉོ་སྒྲུབ་གོམས་གཤིས་ལ་དབྱེ་ཞིབ་གནད་འཁེལ་བྱས་ནས་འོ་མ་དང་འབྲུ་རིགས་སོགས་ཉོ་མཁན་མང་བའི་སྔོན་དཔག་བྱས་པས། ང་ཚོས་སྔོན་ལ་ཚོང་ཟོག་ལེགས་སྒྲིག་བྱས་ཏེ་ཉོ་སྒྲུབ་དུས་ཚོད་འགན་ལེན་བྱེད་དགོས་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    དབོར་འདྲེན་གྱི་འགྱུར་ལྡོག

    དཀའ་ཚེགས་ཆེ་བའི་འགྲུལ་བཞུད་ནས་སྐུར་མ་མགྱོགས་མྱུར་འབྱོར་བའི་བར།

    དུས་ཚོད། ཟླ་8ཚེས་9ཉིན་གྱི་ཐོ་རེངས་ནས་ཟླ་8ཚེས་10ཉིན་གྱི་ཕྱི་དྲོའི་བར།

    ས་གནས། ལྷ་ས་གྲོང་ཁྱེར་ནས་མེ་ཏོག་རྫོང་བར།

    ཚེས་9ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོ་དང་ཕྱེད་ཀར་གསར་འགོད་པ་འཁོར་སྒྲོམ་གྱི་རིང་ཚད་སྨི་4ཙམ་ཡོད་པའི་ཟོག་འཁོར་ཆུང་གྲས་ཤིག་ཏུ་འཛེགས་ནས་ཁ་ལོ་བ་བློ་བཟང་འཇམ་དབྱངས་དང་མཉམ་དུ་ཐོན།

    སྔ་པོ་འདི་འདྲ་ཐོན་དགོས་སམ།

    “ཐོ་རེངས་ནས་ཐོན་ཚེ་སང་ཞོགས་སྔ་པོ་ནས་ཉིང་ཁྲི་གྲོང་ཁུལ་དུ་འབྱོར་བ་མ་ཟད། གྲོང་ཁུལ་གྱི་འཛད་སྤྱོད་པས་ཁ་སང་ཉོས་པའི་དངོས་ཟོག་དེ་རིང་ཁོང་ཚོའི་ལག་ཏུ་འབྱོར་ཐུབ”ཅེས་བློ་བཟང་འཇམ་དབྱངས་ཀྱིས་འགྲེལ་བཤད་རྒྱག་གིན་བཤད།

    ལྷ་ས་ནས་མེ་ཏོག་རྫོང་དུ་ལམ་བར་དུ་ཉིང་ཁྲི་གྲོང་ཁུལ་དང་བྲག་ཡིབ་ཆུས་བརྒྱུད་དགོས། ལྷ་ཉིང་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་པས་སྤྱི་ལེ་40ཙམ་ཡོད་པའི་ལམ་ཐག་དེ་ཆུ་ཚོད་ལྔ་དྲུག་ནང་འབྱོར་གྱི་ཡོད།

    ལོ་མང་ཁ་ལོ་བ་བྱས་པའི་བློ་བཟང་འཇམ་དབྱངས་ཀྱིས་ལམ་དེ་ཚོར་རྒྱུས་མངའ་ཆེན་པོ་ཡོད། “ད་ཆ་ལྷ་ས་ནས་ནག་ཆུ་དང་། གཞིས་རྩེ། ཉིང་ཁྲི། ལྷོ་ཁ་བཅས་སུ་མྱུར་བགྲོད་གཞུང་ལམ་ཡོད་པས་ཟོག་འགྲུལ་གྱི་ལས་ཕྱོད་ཆེ་རུ་སོང་བ་མ་ཟད། ད་དུང་རླངས་འཁོར་གཏོང་སྐབས་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་པོ་འདུག”ཅེས་བཤད།

    ཚེས་9ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་པའི་གཡས་གཡོན་ལ་ཟོག་འཁོར་བྲག་ཡིབ་ཆུས་ཅིང་ཏུང་ཟོག་འགྲུལ་ཉིང་ཁྲི་དབྱེ་གསེས་ལྟེ་གནས་སུ་འབྱོར་ཏེ་འཁོར་སྒྲོམ་ནང་གི་སྐུར་མ་ཚང་མ་ཕབ། ཉིང་ཁྲིའི་ཆུས་དང་རྫོང་མི་འདྲ་བར་གཞིགས་ནས་དབྱེ་གསེས་བྱས་ཏེ་སྤོ་བོ་རྫོང་དང་མེ་ཏོག་རྫོང་ལམ་ཐིག་གི་དངོས་ཟོག་རྣམས་སླར་ཡང་རླངས་འཁོར་དུ་བླུགས་པ་རེད།

    དངོས་ཟོག་འབེབས་སྐབས་བློ་བཟང་འཇམ་དབྱངས་ཀྱིས་རླངས་འཁོར་ནང་གཉིད་ཏོག་ཙམ་ཉལ་བ་དང་དེ་རྗེས་ཉེན་ཁ་ཆེ་བའི་ལམ་དུམ་གཉིས་སུ་སྐྱོད་འགོ་ཚུགས།

    ལམ་དུམ་དང་པོ་རྒྱལ་ལམ་318ཀྱི་བྲག་ཡིབ་ཆུས་ནས་སྤོ་བོ་རྫོང་བར་གྱི་ཅིང་ཏུང་མྱུར་སྐྱེལ་སྤོ་བོའི་ལས་གཉེར་པུའུ་ཡིན་ཞིང་དེར་ལམ་ཐག་སྤྱི་ལེ་200ལྷག་ཙམ་ཡོད། ཚེས་9ཉིན་གྱི་ཉིན་དགུང་ཆུ་ཚོད་བཅུ་གཉིས་པ་ནས་ཐོན་ཚེ་ཉིན་དེའི་དགོང་མོའི་ཆུ་ཚོད་བརྒྱད་པ་ལྷག་ཙམ་ལ་གཞི་ནས་འབྱོར་གྱི་ཡོད། སྤོ་བོར་ཐུམ་སྒྲིལ་དག་ཕབ་རྗེས་ང་ཚོས་སྤོ་བོར་ཞག་སྡོད་བྱས་པ་ཡིན།

    ལམ་དུམ་གཉིས་པ་ཁྲབ་མེ་གཞུང་ལམ་གྱི་སྤོ་བ་རྫོང་ནས་མེ་ཏོག་རྫོང་བར་གྱི་ཅིང་ཏུང་མྱུར་སྐྱེལ་མེ་ཏོག་ཞབས་ཞུའི་ས་ཚིགས་ཡིན་ཞིང་དེར་ལམ་ཐག་སྤྱི་ལེ་100ཙམ་ཡོད། ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པ་ནས་ཐོན་ཚེ་ཕྱི་དྲོའི་ཆུ་ཚོད་བཞི་པ་ལྷག་ཙམ་ལ་འབྱོར་བས་འཕྲལ་དུ་སྐུར་མ་དག་འབེབས་ཐུབ།

    2024ལོའི་ལོ་མཇུག་ཏུ། བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་12.49ཟིན་ཏེ་ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད། དེའི་ཁྲོད་ཤང་དང་གྲོང་རྡལ་683དང་སྒྲིག་ཁོངས་གྲོང་ཚོ་4788ལ་སྣུམ་ནག་ལམ་བཏིངས་ནས་ཤར་གཏོང་ཐུབ་ཚད་97.99%དང་86.05%སོ་སོར་ཟིན་ཡོད་པ་རེད།

    སྡེབ་སྐྱེལ་ལམ་བུའི་འགྱུར་ལྡོག

    ཁེར་རྐྱང་གི་གཉེར་སྐྱོང་ནས་མཉམ་ལས་མཐུན་སྦྱོར་བར།

    དུས་ཚོད། ཟླ་8ཚེས་11ཉིན་གྱི་སྔ་དྲོ།

    ས་གནས། མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་དང་དེའི་ཉེ་འཁོར།

    ཟླ་8ཚེས་11ཉིན་གྱི་ཞོགས་པ་སྔ་པོ་ནས་ཅིང་ཏུང་མྱུར་སྐྱེལ་མེ་ཏོག་ཞབས་ཞུའི་ས་ཚིགས་ཀྱི་དངོས་ཟོག་སྐྱེལ་མཁན་དབྱང་ཤིའུ་ཏུང་གིས་སྔར་རྒྱུན་བཞིན་ཟོག་འཁོར་བཏང་ནས་དངོས་ཟོག་སྐྱེལ་བར་བསྐྱོད།

    “མེ་ཏོག་རྫོང་ལ་ཁོངས་གཏོགས་ཤང་7དང་གྲོང་རྡལ་1ཡོད་ཅིང་། མིག་སྔར་རྫོང་སྲིད་གཞུང་གནས་སའི་མེ་ཏོག་གྲོང་རྡལ་དང་དེ་བཞིན་དེའི་ཉེ་འཁོར་གྱི་བར་ཐག་ཅུང་ཉེ་བའི་གྲོང་ཚོར་ཅིང་ཏུང་རང་གཉེར་སྡེབ་སྐྱེལ་ཞབས་འདེགས་ཞུ་གི་ཡོད”ཉིང་དགུང་བར་ལས་ཀ་བྱས་རྗེས་དབྱང་ཤིའུ་ཏུང་གིས་འཁྱགས་སྒམ་ཞིག་མེ་ཏོག་གྲོང་རྡལ་གྱི་གྲོང་མི་བཀྲ་ཤིས་གཡང་འཛོམས་ཀྱི་ཁྱིམ་དུ་བསྐྱལ། བློ་བཟང་འཇམ་དབྱངས་ཀྱིས་དབོར་བའི་སྐུར་མ་ཚང་མ་དེ་གར་འབྱོར། འཁྱགས་སྒམ་དེ་བཀྲ་ཤིས་གཡང་འཛོམས་ཀྱིས་དྲ་ཐོག་ཏུ་མངགས་ནས་ཆུ་ཚོད་72ལས་ཕྱིན་མེད་པ་རེད།

    འདི་ནི་དེ་སྔ་སྒྲུབ་ཐབས་བྲལ་བའི་བྱ་བ་ཞིག་རེད།

    ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་ཡན་ལག་ཀུང་སིའི་མྱུར་སྐྱེལ་བ་བཅོ་ལྔ་ཟླ་བ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མེ་ཏོག་བ་ཞིག་ཡིན། ལོ་ཆུང་དུས་ཁོང་གིས་དོ་པོ་དབོར་མཁན་ཞིག་བྱས་ཏེ་རྒྱུན་དུ་ལ་རྒྱབ་ཀླུང་བརྒལ་གྱིས་དངོས་ཟོག་རྣམས་ཉིང་ཁྲིའི་གྲོང་ཁུལ་ཁག་ནས་མེ་ཏོག་རྫོང་དུ་སྒལ་པར་དབོར་གྱི་ཡོད། ཕར་འགྲོ་ཚུར་འོང་བྱེད་ཐེངས་རེར་མཚམས་རེ་ཟླ་བ་གཅིག་ཙམ་འགོར་གྱི་ཡོད།

    “2013ལོར་ཁྲབ་མེ་གཞུང་ལམ་ཤར་གཏོང་ཐུབ་སྟེ་ཟོག་འགྲུལ་མེད་པ་ནས་ཡོད་པའི་བར་དང་སྡེབ་སྐྱེལ་དུས་ཕྱོད་ཀྱང་ཟླ་བ་གཅིག་ནས་ཉིན་ཁ་ཤས་བར་ཐུང་དུ་སོང་ཡོད། དེས་ས་གནས་དེ་གའི་མང་ཚོགས་ཚོའི་དྲ་ཉོའི་སྤྲོ་སེམས་འཕེལ་ནས་མྱུར་སྐྱེལ་ལས་རིགས་ཀྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་གོ་མིན་གྱིས་ངོ་སྤྲོད་བྱས། ད་ཆ་མེ་ཏོག་རྫོང་དུ་ཅིང་ཏུང་དང་། ཧྲུན་ཧྥེང་། ཡོན་ཐུང་སོགས་མྱུར་སྐྱེལ་ཁེ་ལས་7བཙུགས་ཡོད་པ་རེད།

    2024ལོར། མེ་ཏོག་རྫོང་དུ་ལོ་འཁོར་མོར་སྐུར་མ་བསྐུར་སྐྱེལ་བྱེད་ཚད་ཁྲི་78.24ཟིན་ཡོད།

    མྱུར་སྐྱེལ་རླངས་འཁོར་ཕྱིར་ལོག་པའི་འགྱུར་ལྡོག

    རླངས་འཁོར་སྟོང་པ་ཕྱིར་ལོག་པ་ནས་དངོས་ཟོག་བྱུར་བུར་བླུགས་ཏེ་ལོག་པའི་བར།

    དུས་ཚོད། ཟླ་8ཚེས་11ཉིན་གྱི་ཕྱི་དྲོ།

    ས་གནས། མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་དང་འབྲས་སྤུངས་ཤང་།

    “ཚེས་པ་ཡ་གྲངས་སྐབས་རྫོང་དུ་འཛུལ་བ་དང་ཆ་གྲངས་སྐབས་རྫོང་ནས་ཐོན་པའི”འགྲོ་སྐྱོད་སྒྲིག་སྲོལ་ལྟར། བློ་བཟང་འཇམ་དབྱངས་ཀྱིས་ཟླ་8ཚེས་11ཉིན་མེ་ཏོག་ནས་ཐོན་ཞིང་། ཕྱིར་ལོག་པའི་སྐབས་ཁོང་གིས་རླངས་འཁོར་ནང་མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་བླུགས་ནས་ལྷ་སར་འཁྱེར་ཡོང་གི་ཡོད།

    ཅིང་ཏུང་མྱུར་སྐྱེལ་སྤོ་བོའི་ལས་གཉེར་པུའི་འགན་འཁུར་བ་ལི་ཡུང་གིས“མྱུར་སྐྱེལ་ལས་རིགས་ཀྱི་ཁེ་འབབ་གཙོ་བོ་དངོས་ཟོག་ལེན་བསྡུ་ནས་ཡོང་གི་ཡོད། ཕུན་སུམ་ཚོགས་པའི་སྦྲག་སྐུར་དངོས་ཟོག་ལས‘རླངས་འཁོར་ནང་དངོས་ཟོག་བྱུར་བུར་བླུགས་ནས་ཡོང་བ་དང་སྟོང་པར་ཕྱིར་ལོག་པའི་གནད་དོན’མི་ཐོན་པ་བྱུང་སྟེ་མ་རྩ་ཉུང་འཕྲི་དང་ལས་ཕྱོད་ཆེ་རུ་སོང་ཡོད”ཅེས་ངོ་སྤྲོད་བྱས། མིག་སྔར། མེ་ཏོག་དང་སྤོ་བོ་ནས་བསྐུར་བའི་དངོས་ཟོག་གཙོ་བོ་ནི་རྡོ་ཁོག་དང་། ར་མོ་ཤག་ཆེན། ཀོ་ཤ་སོགས་ཡིན་ཞིང་། རླངས་འཁོར་ནང་དབོར་ཐེངས་རེར་སྐུར་མ་སུམ་བརྒྱ་བཞི་བརྒྱ་ཙམ་དབོར་ཐུབ་པས། འཁོར་སྐྱོད་བརྟན་པོ་ཡོད་པ་དང་ཟོག་འགྲུལ་དྲ་རྒྱ་སྤྱོད་ཚད་ཅུང་མཐོ་པོ་ཡོད།

    ས་གནས་དེའི་དངོས་ཟོག་ཇི་ལྟར་བསྐུར་གྱི་ཡོད་དམ། མེ་ཏོག་གྲོང་རྡལ་གྱི་མྱུར་སྐྱེལ་ཁེ་ལས་གཅིག་སྡུད་ཡིན་པས་ཡུལ་མིས་ཐད་ཀར་མྱུར་སྐྱེལ་བསྐུར་ཡུལ་ནས་དངོས་ཟོག་བསྐུར་བའམ་ཡང་ན་མྱུར་སྐྱེལ་བས་སྒོ་རྩར་དངོས་ཟོག་ལེན་པར་འགྲོ་གི་ཡོད། དེ་བྱིངས་ཀྱི་ཤང་7དག་གཙོ་བོ་སྦྲག་སྲིད་མྱུར་སྐྱེལ་ལ་བརྟེན་ནས་དངོས་ཟོག་བསྐུར་གྱི་ཡོད་པ་རེད།

    བློ་བཟང་འཇམ་དབྱངས་དང་ཁ་གྱེས་རྗེས། གསར་འགོད་པ་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོར་བསྐྱོད་པ་ཡིན། དེ་གར་གནམ་ལྕགས་འབར་བར་ལྟ་ས་ཡག་ཤོས་ཡོད་པ་མ་ཟད། ད་དུང་ལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་དམངས་སྲོལ་གནས་ཚང་གི་རྨང་གཞིའི་སྒྲིག་བཀོད་ཀྱང་ཡོད། 2024ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་སྐད་གྲགས་ཆེ་བའི“གཱ་ཐོ་འགོད་སར”གྱུར་ཡོད།

    རིག་གནས་དར་ནས་ཐོན་རྫས་ཕྱིར་འཚོང་ལ་སྐུལ་ཁྲིད་བྱས་ཤིང་། པ་ཏི་ནི་གྲོང་ཚོའི་ཐོན་རྫས་རྩེ་གྲ་རེད་ལ། དེ་བས་ནི་ཡུལ་སྐོར་བ་མང་པོས་དགའ་ཤོས་བྱེད་པའི་ཐོན་རྫས་ཤིག་ཀྱང་རེད། ཡུལ་སྐོར་བས་པ་ཏི་ཉོས་རྗེས་འཁྱེར་བདེ་པོ་མེད་ཚེ་གྲོང་ཚོའི་སྦྲག་སྐུར་ས་ཚིགས་ནས་ཐད་ཀར་བསྐུར་ཆོག་ལ། སྒོ་རྩར་ལེན་པར་ཡང་ཡོང་གི་ཡོད།

    2024ལོར་བོད་ཀྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་ཁྲི་3046.5ལེགས་གྲུབ་ཟིན་ནས་དུས་མཚུངས་ལས་23.27%འཕར་བ་དང་། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་8.12ཟིན་ནས་དུས་མཚུངས་ལས་20.4%འཕར་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།