དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྱམས་པ་བཀྲ་ཤིས་ཀྱིས་བརྗོད་དོན།

    དམག་གཟིགས་མཛད་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཐེངས་གསུམ་པ་མཇལ་བྱུང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-15

    ཟླ་9ཚེས་3ཉིན། ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བྱམས་པ་བཀྲ་ཤིས་པེ་ཅིང་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་རྗེས། ཁོང་གི་བཟའ་ཟླ་ཚའེ་ཅེ་ཡིས་སྐད་འཕྲིན་གྲོགས་ཚོགས་སུ་ཆེད་མངགས་པར་རིས་བསྐུར་ནས་ནང་མི་གྲོགས་པོ་དང་དེ་བཞིན་ལས་རོགས་ལ་དམིགས་བསལ་གྱི་གཟི་བརྗིད་དེ་མཉམ་སྤྱོད་བྱས་པ་རེད།

    ཟླ་9ཚེས་3ཉིན་གྱི་ཞོགས་པའི་ཆུ་ཚོད་7པར། ཁོང་གཟིགས་མོ་བའི་ཚོགས་པ་དང་མཉམ་དུ་ས་ཡུལ་དངོས་སུ་འབྱོར་ཏེ། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་གཞི་རིམ་གྱི་འཐུས་མི་དང་ལྷན་དུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གཟིགས་སྟེགས་ནུབ་ངོས་ཀྱི་གསེར་མདོག་ཁུལ་དུ་བསྡད། སྤྲོ་སེམས་འཁོལ་བའི་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་བསྟུན་ནས་གྲལ་སྟར་འགྲིག་ལ་གོམ་བགྲོད་བརྟན་ཞིང་སྒམ་བརླིང་ལྡན་པའི་དམག་གཟིགས་རུ་སྟར་གྲུ་བཞི་ཐང་ཆེན་བརྒྱུད་དེ་འགྲོ་སྐབས། མཛད་སྒོ་ལྟ་སའི་ས་ཡུལ་དངོས་སུ་དེ་མ་ཉིད་དུ་དགའ་སྤྲོའི་རྣམ་པས་ཁེངས། ཉེ་འགྲམ་གྱི་འཐུས་མི་ལ་ལས་རྒྱལ་དར་གཡུག་གཡུག་བྱེད་པ་དང་ལ་ལས་དགའ་འབོད་བྱེད་བཞིན་ཚང་མའི་མིག་ཟུང་རུ་སྟར་གྲུ་བཞིའི་རྗེས་སུ་དམ་པོར་ཕྱོགས། བརྗོད་པར་དཀའ་བའི་སྤྲོ་སྣང་དང་སྤོབས་སེམས་ཤིག་མི་ཚོགས་ཁྲོད་གཅིག་ལ་གཅིག་སྤྲོད་དུ་རྒྱ་ཆེར་ཁྱབ།

    གཞི་རིམ་གྱི་ལས་བྱེད་པ་དཀྱུས་མ་ཞིག་ནས་མང་ཚོགས་ཀྱི་བརྩི་བཀུར་རྒྱ་ཁྱབ་ཐོབ་པའི་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅིའི་བར་གྱི་ལོ་29ཡི་རིང་། བྱམས་པ་བཀྲ་ཤིས་ཀྱིས་གཞི་རིམ་ལས་དོན་རྒྱུན་འཁྱོངས་ལྷོད་མེད་ངང་བསྒྲུབས་པ་དང་མང་ཚོགས་ལ་ལྷག་བསམ་རྣམ་དག་བྱས་པར་བརྟེན་མི་ཚེར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོང་ལ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་གཞུང་ལས་པ་སོགས་ཀྱི་གཟི་བརྗིད་ཐོབ་པ་དང་། ཀླུ་སྒུག་སྡེ་ཁུལ་དུ་ཁོང་གི་སྐོར་གླེང་ཚེ། མཐེ་བོང་མི་སྒྲེང་མཁན་གྲོང་མི་གཅིག་ཀྱང་མེད་ལ། སྡེ་ཁུལ་གྱི་རྒན་རྒོན་ཚོས་ཁོང་ལ་བྱམས་བརྩེའི་ངང“བུ་བཟང་པོ”ཞེས་ཀྱང་འབོད་ཀྱི་ཡོད།

    སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། “ངའི་བཟའ་ཟླ་ནི་རྒྱ་རིགས་ཤིག་རེད། ང་ཚོའི་ཁྱིམ་ཚང་ནི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཞིག་ཡིན། ན་ནིང་སྡེ་ཁུལ་ལ‘རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ’ཀྱི་མཚན་སྙན་ཐོབ་སྐབས་ང་རང་བོད་ཀྱི་འཐུས་མི་ཚོགས་པའི་ཁོངས་མི་ཡིན་པའི་ངོས་ནས་པེ་ཅིང་དུ་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་ནས་ས་ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་པའི་སྐལ་བ་བྱུང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་མཛད་སྒོའི་ཐོག་ང་རང་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་མཇལ་རྒྱུ་བྱུང་། ད་རེས་2025ལོའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་གཟིགས་མོ་བ་ཚོགས་པའི་ཁོངས་མི་ཡིན་པའི་ངོས་ནས་དྲན་གསོའི་ཚོགས་ཆེན་ལ་ཞུགས་པ་ཡིན། འདི་ནི་ང་རང་ལ་སྤྱི་ཁྱབ་ཧྲུའུ་ཅི་མཇལ་ཐེངས་གསུམ་པ་ཡིན། གཟི་བརྗིད་འདི་ངས་ཚེ་གང་བརྗེད་མི་སྲིད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ལངས་ནས་དམག་འཁྲུག་གི་ལོ་ཟླར་ཕྱིར་དྲན་བྱེད་སྐབས། དཔའ་བོ་གྲངས་ལས་འདས་པའི་འབད་འཐབ་དང་ཁྲག་དྲོན་གྱི་བློས་གཏོང་དེ་དག་མེད་ཚེ། ད་ལྟའི་རྒྱལ་ཁབ་ཀྱི་རང་བཙན་དང་མི་རིགས་ཀྱི་བཅིངས་འགྲོལ་མེད་ལ། ང་ཚོ་མི་སེར་ཚོའི་བློ་བདེ་བག་ཕེབས་དང་བདེ་སྐྱིད་ཀྱི་འཚོ་བ་དེ་བས་ཀྱང་ཡོང་མི་སྲིད”ཅེས་བྱམས་པ་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་བཞིན་བརྗོད།

    “སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ངོས་ནས་དམག་གཟིགས་མཛད་སྒོར་ཞུགས་རྗེས་ངའི་ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་རུ་ཕྱིན་སོང་། ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་དཔའ་བོ་ཚོའི་རྒྱལ་གཅེས་ཀྱི་བསམ་པར་རྗེས་དྲན་བྱས་ཏེ། འདི་ཉིད་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྡེ་ཁུལ་འཛུགས་སྐྱོང་གི་བྱ་སྤྱོད་དངོས་ལ་བསྒྱུར་ནས་གྲོང་མིར་དཀའ་གནད་ཐག་གཅོད་བྱེད་རོགས་མང་ཙམ་དང་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་མང་ཙམ་བཙུགས་ཏེ། མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡིན”ཞེས་བྱམས་པ་བཀྲ་ཤིས་ཀྱིས་བློ་བརྟན་འགྱུར་མེད་ངང་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།