དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གྲོང་མིའི་བདེ་ཐང་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-14

    རང་རྒྱལ་གྱིས་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་དང་ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་ཟིན་ནས་གྲོང་མིའི་བདེ་ཐང་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད། ཟླ་9ཚེས་11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་སྤུས་ཚད་མཐོ་པོས་ལེགས་གྲུབ་བྱུང་བའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

    མི་དམངས་མང་ཚོགས་ཚོའི་སྨན་བཅོས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ།

    2024ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བསྡོམས་འབོར་ཁྲི་109ཟིན་ནས་གྲོང་མི་90%ལྷག་ཙམ་སྐར་མ་15ནང་ཚུན་དུ་བར་ཐག་ཉེ་ཤོས་ཀྱི་སྨན་བཅོས་བྱ་ཡུལ་དུ་འབྱོར་གྱི་ཡོད་པ་རེད།

    རིམ་དབྱེའི་སྨན་བཅོས་ལ་སྐུལ་འདེད་བཏང་ནས་སྨན་བཅོས་ཞབས་ཞུའི་རྒྱུན་མཐུད་རང་བཞིན་གོང་མཐོར་བཏང་ཞིང་། “ཁ་ཐོར་རྣམ་པའི་བརྟག་དཔྱད་དང་གཅིག་བསྡུས་རྣམ་པའི་ནད་བརྟག”གི་ཞབས་འདེགས་ཞུ་སྟངས་ལག་བསྟར་བྱས་ནས་རྫས་འགྱུར་ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་ལ་སྐུལ་འདེད་བཏང་ཡོད། འདི་ལོའི་ཟླ་བརྒྱད་པའི་བར་རྒྱལ་ཡོངས་སུ་ས་ཁུལ་དང་གྲོང་ཁྱེར(ཀྲོའུ་དང་མོང)338ཀྱིས་གསོ་རིག་བརྟག་དཔྱད་རྫས་འགྱུར་རྣམ་གྲངས་200ལྷག་ཙམ་ཕན་ཚུན་ཁས་ལེན་བྱས་པ་དང་། རྫོང་ཁོངས་གསོ་རིག་བརྙན་པར་དང་སྙིང་པར་སོགས་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་དང་ལྟེ་བའི་སྨན་སྦྱོར་ཁང་ཡོངས་ཁྱབ་ཏུ་བཙུགས་ཟིན་པ་རེད།

    གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་སྨན་བཅོས་མྱོང་བ་མུ་མཐུད་ལེགས་སུ་བཏང་ཞིང་། རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་87%ཡིས་སྔོན་མངགས་ནད་བརྟག་སྨན་བཅོས་ཞབས་ཞུ་བཏོན་ཏེ་སྒོ་བསྟེན་སྨན་ཁང་དུ་སྒུག་ཡུན་ཐུང་དུ་ཕྱིན་ཡོད། སྨན་ཁང་5500ལྷག་ཙམ་གྱིས“གཅིག་འཐུས་རྣམ་པའི”ཞབས་ཞུའི་ལྟེ་གནས་བཙུགས་པ་དང་། རིམ་པ་གཉིས་པ་ཡན་གྱི་སྨན་ཁང་2000ལྷག་ཙམ་ལ་རིག་ཚན་མང་པོ་གཞི་གཅིག་ཅན་གྱི་སྨན་བཅོས་བྱེད་སྟངས་ཁྱབ་གདལ་བཏང་བ། རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་83%ཡིས་ཉིན་མོའི་གཤགས་བཅོས་ཞབས་འདེགས་ཞུས་པ་བཅས་རེད། ནད་གཡོག་མི་དགོས་པའི་ལྟ་སྐྱོང་ཞབས་ཞུའི་ཚོད་ལྟ་བྱས་ནས་སྨན་བཅོས་ལས་ཁུངས་4000ལྷག་ཙམ་གྱིས“དྲ་སྦྲེལ+ནད་གཡོག་ཞབས་ཞུ”བརྒྱུད་གྲོང་མིར་སྒོ་ཁར་ནད་གཡོག་ཞབས་ཞུ་བྱས་པ་དང་ཞབས་ཞུའི་རྣམ་གྲངས་60ལྷག་ཙམ་ཟིན་ཡོད་པ་རེད། དྲ་སྦྲེལ་སྨན་ཁང་3756བར་མང་དུ་ཕྱིན་པ་དང་། 2024ལོར་དྲ་སྦྲེལ་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་མཁན་མི་ཐེངས་དུང་ཕྱུར་1.3ཟིན་ཏེ་མི་སེར་གྱིས་སྨན་བཅོས་བྱེད་པར་ཧ་ཅང་སྟབས་བདེ་པོ་བྱུང་ཡོད།

    “རྒན་གཅིག་གཞོན་གཅིག”གི་གཙོ་གནད་མི་ཚོགས་ལ་དམིགས་པ།

    “རྒན་གཅིག”ལ་དམིགས་ཏེ་རྒན་རྒོན་གྱི་བདེ་ཐང་ཞབས་ཞུ་སླར་ཡང་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་ཞིང་། 2024ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་རྒན་རྒོན་གསོ་རིག་ལྟེ་གནས་1དང་རྒྱལ་ཁབ་ཀྱི་རྒན་རྒོན་གྱི་ནད་ཡམས་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་6བཙུགས་པ་དང་། རྒན་རྒོན་གྱི་གསོ་རིག་ཚན་ཁག་ཡོད་པའི་རིམ་པ་གཉིས་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་6151ཟིན་པ་དེས་ཕྱོགས་བསྡུས་སྨན་ཁང་བསྡོམས་འབོར་གྱི་84.6%བཟུང་ཡོད་པ་རེད།

    “གཞོན་གཅིག”ལ་དམིགས་ཏེ་བྱིས་ནད་ཚན་ཁག་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱས་ཤིང་། རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་བྱིས་པའི་གསོ་རིག་ལྟེ་གནས་3དང་རྒྱལ་ཁབ་ཀྱི་བྱིས་པའི་ས་ཁོངས་སྨན་བཅོས་ལྟེ་གནས་6བཙུགས་ནས་བྱིས་པའི་ཚན་ཁག་གི་ཆེད་ཚན་མནའ་འབྲེལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཐོག བྱིས་པའི་ཚན་ཁག་གི་ནད་ཡམས་ཚབས་ཆེན་དང་རྙོག་འཛིང་ཆེ་བའི་ནད་རིགས་སྨན་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས་པ་རེད། རིམ་པ་གཉིས་པ་དང་གསུམ་པའི་གཞུང་བཙུགས་ཕྱོགས་བསྡུས་སྨན་ཁང་མང་ཆེ་བས་བྱིས་ནད་ཚན་ཁག་གི་སྨན་བཅོས་བྱེད་ཐུབ་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་80%ཡིས་བྱིས་པའི་རྒྱུན་མཐོང་ནད་སྨན་བཅོས་བྱེད་ཐུབ་ཀྱི་ཡོད། 2024ལོའི་ལོ་མཇུག་བར་བྱིས་ནད་ཚན་ཁག་གི་ལས་གཉེར(ལས་རོགས)སྨན་པ་ཁྲི་24.39ཟིན་པ་དེ་2020ལོའི་མི་ཁྲི་16.34ལས་49.3%འཕར་བ་དང་། བྱིས་པ་སྟོང་རེར་ཉལ་ཁྲི་2.47ཟིན་པ་དེ་2020ལོའི་ཉལ་ཁྲི་2.18ལས་13.3%འཕར་ཡོད།

    ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ནད་ཡམས་ཚོད་འཛིན་མ་ལག་རགས་ཙམ་བཙུགས་པ།

    དམངས་ཕན་བྱེད་ཐབས་ལག་བསྟར་བྱས་ནས་ཞབས་ཞུའི་ཕན་ནུས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཞིང་། བརྒྱ་གློ་འགོག་པའི་རིམས་འགོག་སྨན་ཁབ་ལེགས་སྒྲིག་བྱས་པ་དང་། རྒྱུངས་སྐྱའི་རིམས་འགོག་སྨན་ཁབ་ཁ་གསབ་ཀྱིས་བརྒྱབ་ཡོད། འདི་ལོ་རྒྱལ་ཁབ་ཀྱིས་ད་དུང་ན་ཚོད་ལོན་པའི་བུ་མོ་ཚོར་ཕྱོགས་པའི་HPVརིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་བཏོན་པ་དང་འབྲེལ། HPVརིམས་འགོག་སྨན་ཁབ་དེ་རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ནང་བཅུག་ནས་བུད་མེད་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་རེད། རྒྱལ་ཡོངས་སུ་གློག་རྡུལ་རིམས་འགོག་སྨན་ཁབ་རྒྱག་པའི་ལག་ཁྱེར་བཟོས་ནས་བཀོལ་སྤྱོད་ལ་སྐུལ་འདེད་བཏང་སྟེ། ས་གནས་ཀྱིས་དུས་མཚམས་དབྱེ་ནས་སྔོན་མངགས་དང་། གཟའ་མཇུག་ལ་རིམས་འགོག་སྨན་ཁབ་རྒྱག་པ། དམིགས་བསལ་གྱི་མི་ཚོགས་ལ་སྒོ་ཁར་སྨན་ཁབ་རྒྱག་པར་འགྲོ་བ་སོགས་ཀྱི་སྲིད་ཇུས་འདོན་རྒྱུར་སྐུལ་འདེད་བཏང་བ་རེད།

    “ལོ་ལྔ་ཚན་བཅུ་བཞི་པ”ནི་རྒྱལ་ཁབ་ཀྱི་ནད་འགོག་མ་ལག་བསྐྱར་སྐྲུན་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཤིག་ཡིན་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནད་འགོག་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ནད་འགོག་མ་ལག་རགས་ཙམ་བཙུགས་ཡོད། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ཚོར་སྐྱེན་དེ་བས་རྣོ་པོ་བྱུང་ཞིང་། འགོས་ནད་ལྟ་ཞིབ་ཚད་ལེན་མ་ལག་དེ་རྒྱལ་ཡོངས་ཀྱི་སྨན་བཅོས་ལས་ཁུངས་ཁྲི་8.4དང་། ཚ་རྒྱས་སྒོ་བསྟེན་སྨན་ཁང་ཁྲི་2.8 ནད་ཡམས་སོ་ལྟ་སྨན་ཁང་1041བཅས་ལ་ཁྱབ་ཡོད་པ་རེད། ལྟ་ཞིབ་ཚད་ལེན་གྱི་ཐབས་ལམ་ནི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་ནད་ཡམས་སོ་ལྟ་སྨན་ཁང་ནས་ནད་རྒྱུའི་སྐྱེ་དངོས་ཕྲ་རབ་ཚོད་ལྟ་ཁང་དང་། ནད་འདྲེན་སྐྱེ་དངོས། གྲོང་ཁྱེར་གྱི་བཙོག་ཆུ་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་སུ་རྒྱ་སྐྱེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།