དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རིག་གནས་སྤེལ་རེས་འབྲེལ་ཟམ་བཙུགས། མཐུན་འགྲོགས་མཉམ་གནས་གླུ་དབྱངས་སྙན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆུས་ཕེ་དང་ལི་ཨན་ཆི།   |     སྤེལ་དུས།  2025-09-14

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་འགྲོ་བའི་རྨང་གཞི་བརྟན་ཤོས་ནི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དེ་རེད་ལ་སྟོབས་ཤུཌ་ཆེ་ཤོས་ནི་དམངས་སེམས་སྦྲེལ་རྒྱུ་དེ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུཌ་ཞེས་པའི་ཁྱིམ་མཚེས་མཛའ་མཐུན་གྱི་ཁྱིམ་ཚང་ཆེན་མོར་སྣ་མང་རིག་གནས་སྤེལ་རེས་དང་ས་ཁུལ་གྱི་རྒྱལ་ཁབ་ཁག་དབར་སློབ་སྦྱོང་དང་སྤེལ་རེས་བྱས་ཏེ། བསམ་པའི་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་བར་བྱེད་པའི་མི་དམངས་ཀྱི་རེ་སྒུག་ལ་གསོན་ཉམས་དོད་པོས་ལན་བརྒྱབ་པ་དང་མི་དམངས་ཕན་ཚུན་རྒྱུས་ལོན་དང་འཆམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད།

    ཕྱོགས་གཉིས་ཀར་བསྐྱོད་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་པ།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་དབར་སློབ་སྦྱོང་དང་། ཚོང་གཉེར། ཡུལ་སྐོར། འཚམས་འདྲི་བཅས་བྱེད་པའི་དགོས་མཁོ་ཆེན་པོ་ཡོད་པ་དང་སྟབས་བདེ་བའི་རྒྱལ་སྒྲོལ་ཐོངས་མཆན་སྲིད་ཇུས་དང་། ཤར་གཏོང་ཐུབ་པའི་འགག་སྒོའི་བགྲོད་ལམ། སྣ་མང་གི་འགྲིམ་འགྲུལ་གདམ་ག་བཅས་ཀྱིས“ག་དུས་ཡིན་ཡང་ཡུལ་སྐོར་དུ་འགྲོ་ཆོག་པ”དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དེ་བས་མང་དུ་ཕྱིན་ཡོད།

    ན་ནིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐ་ནའི་དབུ་ཚོགས་ཐོག་ཧྲན་ཏུང་ཆིང་ཏའོ“2024ནས་2025ལོའི་བར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུཌ་ཀྱི་ཡུལ་སྐོར་དང་རིག་གནས་ཀྱི་གྲོང་ཁྱེར”ལ་གཏན་འཁེལ་བྱས་པ་རེད། ལོ་གཅིག་རིང་། ཆིང་ཏའོ་དེ་ཉིད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཡུལ་སྐོར་བྱ་ཡུལ་གཙོ་བོར་གྱུར་ཅིང་། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གཞོན་ནུ་ཆིང་ཏའོ་རུ་སྐྱོད་པའི”བྱེད་སྒོ་ལོ་རྒྱུས་རིག་གནས་ཀྱི་སྲང་ལམ་དུ་སྤེལ་བ་དང་། རྒྱུན་ཆད་རྒྱུ་མེད་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཆིང་ཏའོ·ཧྲང་ཧའེ་མཉམ་ལས་རྩ་འཛུགས་མུ་ཏིག་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ལ་ལྟ་སྐོར་བྱེད་པ། གྲུ་གཟིངས་བསྡད་དེ“མཚོ་ཐོག་ནས་ཆིང་ཏའོ་ལ་ལྟ་བའི”བྱེད་སྒོའི་ནང་ཞུགས་པ། མཚན་མོར་རྒྱལ་སྤྱིའི་སྦི་རག་དུས་ཆེན་གྱི་བག་ཕེབས་དང་སྤྲོ་སྣང་མྱོང་ཚོར་བཅས་བྱས་པ་རེད། བསྡོམས་རྩིས་ལྟར་ན། ད་ལོའི་ལོ་སྟོད་དུ་ཆིང་ཏའོ་ཅའོ་ཏུང་རྒྱལ་སྤྱིའི་གནམ་ཐང་འགག་སྒོ་བརྒྱུད། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་10ཡི་ཕྱི་རྒྱལ་གྱི་འགྲུལ་པའི་མི་གྲངས་དུས་མཚུངས་ལས་37.91%འཕར་ཡོད།

    མི་རིང་བའི་གོང་། ཕ་ཁི་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ཐེན་མུར“2024ནས་2025ལོའི་བར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཡུལ་སྐོར་དང་རིག་གནས་ཀྱི་གྲོང་ཁྱེར”ཞེས་པའི་རིག་གནས་དང་ཡུལ་སྐོར་སྤེལ་རེས་གཟའ་འཁོར་ཐོག “ཆིང་ཏའོ་ཡི་ཡུལ་སྐོར་ཁྱབ་གདལ་གཏོང་མཁན་ཕོ་ཉའི”མཚན་སྙན་ཐོབ་པ་རེད། བརྙན་ལམ་གྱི་པོད་བདག་ཡིན་པའི་ངོས་ནས་ཁོང་གིས་པར་ཆས་ལ་བརྟེན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུཌ་རྒྱལ་ཁབ་ཀྱི་གཞོན་ནུ་སྒྲིག་འཛུགས་བྱས་ཏེ་ཀྲུང་གོའི་དྲག་རྩལ་སློབ་སྦྱོང་དང་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་བྱེད་པའི་གསོན་ཉམས་ལྡན་པའི་དུས་ཚོད་ཟིན་ཐོར་བཀོད་ཡོད། ཐེན་མུས“‘ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་མོའི’འཆམ་མཐུན་ནི་མི་དང་མིའི་དབར་གྱི་ལྷག་བསམ་ཟོལ་མེད་ཀྱི་འགྲོ་འོང་ལས་བྱུང་བ་ཞིག་རེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ང་ཚོའི་རྒྱུན་གཏན་འགྲོ་འོང་ཁྲོད་ནས་མངོན་གྱི་ཡོད”ཅེས་བཤད།

    ལས་སྟེགས་ལ་བརྟེན་ནས་འབྲེལ་ཟམ་བསྐྲུན་ཏེ་དམངས་སེམས་ཟབ་ཏུ་བཏང་བ།

    པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཏུ་སྐྱ་གྲིབ་ནད་པར་གཤཌ་བཅོས་ཐེངས་2000ལྷག་ཙམ་བྱས་པ་རེད། “བདེ་ཐང་མྱུར་འཁོར་རྒྱལ་སྤྱིའི་འོད་སྣང་སྦྱིན་པའི་བྱེད་སྒོ”པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་སྨན་བཅོས་རུ་ཁག་གི་རུ་དཔོན་དང་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་པའོ་ཡུང་ཀྲེན་གྱིས་རུ་སྣེ་ཁྲིད་ནས་ཨུ་ཟ་བྷེ་ཁི་སི་ཐན་དུ་ཐེངས་གསུམ་བསྐྱོད་ཡོད།

    “ནད་པ་ཆུང་ཤོས་ཟླ་4ལས་ཟིན་གྱི་མེད་པས་གཤཌ་བཅོས་བྱེད་པར་དཀའ་ངལ་ཆེན་པོ་འདུག ཡིན་ནའང་ནད་པའི་ནང་མིས་ང་ཚོར་ཡིད་ཆེས་ཆེན་པོ་བྱེད་ཀྱི་འདུག”ཅེས་པའོ་ཡུང་ཀྲེན་གྱིས་ལག་ཐོགས་ཁ་པར་ནས་པར་བཙལ་ཏེ་བསྟན། “འཛམ་གླིང་དམག་ཆེན་གཉིས་པའི་དམག་མི་རྒན་གྲས་འདིར་གཤགས་བཅོས་བྱེད་དུས་ལོ་100ཟིན་འདུག ཁོང་གིས། ཚེ་མཇུག་ཏུ་མིག་གིས་ཡང་བསྐྱར་མཐོང་ཐུབ་པ་བསམ་ཡུལ་ལས་འདས་སོང་ཞེས་བཤད” ཨུ་ཟ་བྷེ་ཁི་སི་ཐན་དུ་ལོག་རིམ་བཞིན་པའོ་ཡུང་ཀྲེན་གྱིས་རྟག་ཏུ་རྒྱུས་ཡོད་ཀྱི་ངོ་གདོང་དག་མཐོང་གི་ཡོད། དེའི་ནང་གི་མི་མང་པོ་ཞིག་ནི་རང་ཉིད་ཀྱི་དེ་སྔའི་ནད་པའམ་ཡང་ན་ནད་པའི་དགའ་ཉེ་བློ་དཀར་ཤ་སྟག་རེད།

    ལོ་འདི་དག་གི་རིང་། “བདེ་ཐང་མྱུར་འཁོར་རྒྱལ་སྤྱིའི་འོད་སྣང་སྦྱིན་པའི་བྱེད་སྒོའི”ཚོགས་པ་གང་དུ་སོང་ན་སྒྲིག་ཆས་དང་ལག་རྩལ་དེ་གར་འཇོག་གི་ཡོད་པ་མ་ཟད། མཉམ་ལས་ཀྱི་ས་བོན་ཡང་ས་གནས་དེ་གར་རྩ་བ་ཚུགས་ཀྱི་ཡོད། ཀྲུང་ཨུ་དང་། ཀྲུང་ཁེར། ཀྲུང་ཐ་བཅས་ཀྱི་ལོང་འགོག་མཉམ་ལས་ལྟེ་གནས་སྔ་རྗེས་སུ་བཙུགས་པ་དང་བསྟུན་ནས“སྒུལ་བདེའི་སྨན་བཅོས”དེ“གནས་གཏན་འཁེལ་གྱི་མཉམ་ལས”སུ་ཕྱོགས་སྒྱུར་བྱུང་ནས་དམངས་ཚོགས་དེ་བས་མང་བར་ཐད་ཀར་ཕན་པ་ཐོབ་ཀྱི་ཡོད།

    ད་ལོའི་ཟླ་6པར། ཐེན་ཅིན་ཡང་བའི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གི་སྐབས་དང་པོའི་ཨེ་ཅིབ་ལུའུ་པན་བཟོ་ཁང“3+2”རྣམ་གྲངས་ཀྱི་ཕྱི་སྦྱོང་སློབ་མ་4ཡིས་བགྲོ་གླེང་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་། སློབ་ཐོན་མཛད་སྒོའི་ཐོག སློབ་མ་དབྱི་པུའུ་ལཱ་ཤིན་གྱིས་ཡོན་ཀྲང་གི་ལག་ནས་སློབ་ཐོན་ལག་ཁྱེར་གཟབ་ནན་གྱིས་བླངས་རྗེས“ལུའུ་པན་བཟོ་ཁང་གིས་ང་ལ་མི་ཚེའི་གོ་སྐབས་གསར་པ་སྤྲད་བྱུང་། ངས་སློབ་སྦྱོང་གི་ལམ་བུའི་ཐོག་རྒྱུན་ཆད་མེད་པར་མདུན་སྐྱོད་ཐུབ་པའི་རེ་བ་རྒྱག་གི་ཡོད”ཅེས་བཤད།

    མིག་སྔའི་བར། ཐེན་ཅིན་གྱིས་ཨུ་རུ་སུ་དང་ཧ་སག་སི་ཐན་སོགས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་8དུ་ལུའུ་པན་བཟོ་ཁང་10བཙུགས་ནས་གཞོན་ནུ་ཚོར་སྤུས་ལེགས་ཀྱི་ལས་རིགས་སློབ་གསོའི་གོ་སྐབས་བསྐྲུན་ཡོད།

    གློག་བརྙན་ལ་བརྟེན་ནས་བརྩེ་སེམས་ཟབ་ཏུ་བཏང་བ།

    “1942ལོའི་དགུན་ཁར། ཧ་སག་སི་ཐན་གྱི་རོལ་མོ་མཁས་ཅན་པའེ་ཁཱ་ཏཱ་མོ་ཧྥུའུ་ལ་ཨཱ་ལཱ་མུའུ་ཐུའུ་ཁྲོམ་གཞུང་ནས་གྱོན་གོས་སྲབ་ཞིང་ལག་ལ་ཨོག་ལེན་ཆུང་བ་བཟུང་བའི་ཀྲུང་གོ་བ་ཞིག་འཕྲད་ནས་ཀྲུང་གོ་བ་དེ་ཉར་རྒྱུའི་ཐག་བཅད་པ་རེད། ཀྲུང་གོ་བ་དེ་ནི་རང་རྒྱལ་གྱི་རོལ་མོ་མཁས་ཅན་ཤན་ཤིན་ཧའེ་རེད” གློག་བརྙན་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་འཁྲབ་སྟོན་པ་ཧུའུ་ཅུན་གྱིས་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱིས་མཉམ་དུ་ཕབ་ལེན་བྱས་པའི་གློག་བརྙན《རོལ་མོ་མཁས་ཅན》ངོ་སྤྲོད་བྱེད་སྐབས་དེ་ལྟར་བཤད།

    ཧུའུ་ཅུན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གློག་བརྙན་བ་རྣམས་ལ་སྤེལ་རེས་ཀྱི་སྡིངས་ཆ་རྩ་ཆེན་ཞིག་བཙུགས་ནས། ང་ཚོ་ཚང་མས་མཉམ་ལས་ཀྱི་གོ་སྐབས་དང་བར་མཐོངས་མཐོང་བར་བྱས་ཡོད” “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཁག་ལ་ཟིན་ཐོར་འགོད་རིན་ཡོད་པའི་གཏམ་རྒྱུད་སེམས་འགུལ་ཐེབས་པ་མང་པོ་ཡོད་པས། གློག་བརྙན་གསར་རྩོམ་ལ་ཕུན་སུམ་ཚོགས་པའི་རྒྱུ་ཆ་མཁོ་འདོན་བྱས་ཡོད། བརྩམས་ཆོས་དེ་བས་མང་པོ་བརྒྱུད་ལྟད་མོ་བ་ཚོས་རྒྱལ་མཚམས་བསྒྲལ་ནས་ཕན་ཚུན་གྱི་རིག་གནས་དང་བརྩེ་སེམས་རྒྱུས་ལོན་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད”ཅེས་བཤད།

    ཤེས་རིག་ནི་སྤེལ་རེས་ཁྲོད་མཉམ་འདྲེས་དང་མཉམ་འདྲེས་ཁྲོད་ཡར་ཐོན་བྱུང་བ་ཞིག་རེད། མཐུན་འགྲོགས་མཉམ་གནས་ཀྱི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་ཚང་ཆེན་མོའི”ནང་སྣ་མང་རིག་གནས་དང་སྣ་མང་སྤེལ་རེས་ཧ་ཅང་འཁྲུག་པོ་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཡེར་མེ་ཁེ་པཱ་ཡེ་ཧྥུའུ་ཡིས་བརྗོད་པ་ཇི་བཞིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཁག་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ཀྱིས་དམངས་ཚོཌ་དཀྱུས་མ་ཚོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་དངོས་འབྲེལ་མི་དམངས་ལ་ཞབས་འདེགས་ཞུ་བའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པ་ཤེས་རྟོགས་ཐུབ་པར་བྱས་པ་མ་ཟད། རྒྱལ་ཁབ་ཁག་གི་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།