མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དབར་མཉམ་ལས་བྱེད་པའི་གྲོས་ཆོད་ལ་འདེམས་ཤོག་མང་པོ་ཐོབ་ནས་གྲོས་འཆམ་བྱུང་བ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དགུ་པའི་ཐོག་ཀྲུང་གོས་གཙོ་བོར་བཏོན་པའི“མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དབར་གྱི་མཉམ་ལས”ཀྱི་གྲོས་ཆོད་ལ་འདེམས་ཤོག་མང་པོ་ཐོབ་ནས་གྲོས་འཆམ་བྱུང་བ་དང་། དེའི་ནང་ཧྲང་ཧའེ་མཉམ་ལས་རྩ་འཛུཌ་ཀྱི་ཁོངས་མིའི་རྒྱལ་ཁབ་ཚང་མ་ཚུད་པའི་རྒྱལ་ཁབ་40ཉེ་བ་མཉམ་དུ་གྲོས་ཆོད་བཏོན་པའི་ནང་ཞུགས་ཡོད།
གྲོས་ཆོད་ནང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་ཞི་བདེ་འཕེལ་རྒྱས་དང་ཕན་ཚུན་ཡིད་ཆེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་དགེ་མཚན་ལྡན་པའི་ནུས་པར་ཚད་མཐོའི་ཁས་ལེན་བྱས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱ་ཆེད་འབད་བརྩོན་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དབར་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་པར་གདེང་འཇོག་གང་ལེགས་བྱས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པའི་གནས་སྐབས་ལས་ཚབ་ཀེང་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཆོད་ཀྱི་འཆར་ཟིན་ངོ་སྤྲོད་བྱེད་སྐབས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་24སོང་རིང་། “ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་སྣེ་ཁྲིད་འོག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེ་རུ་ཕྱིན་ནས། འཛམ་གླིང་ཐོག་གི་ས་ཁོངས་རྩ་འཛུགས་ཆེ་ཤོས་སུ་གྱུར་ཡོད། ཐེན་ཅིན་དབུ་ཚོགས་ཀྱི་བཀྲག་མདངས་ཆེ་ཤོས་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཚོགས་འདུའི་ཐོག་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དེ་རེད་ཅེས་བརྗོད་པ་རེད། ཀྲུང་གོ་ཕྱོགས་ཀྱི་གྲོས་འགོར་ཕྱོགས་ཁག་གི་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་དང་ལེན་ཐོབ་ཡོད། ཚང་མས། དེང་སྐབས་འཛམ་གླིང་དུ་དེ་བས་ནུས་ལྡན་གྱི་བཅོས་སྐྱོང་འདུ་ཤེས་དང་བཅོས་སྐྱོང་མ་ལག་དགོས་མཁོ་ཆེ་བས། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་པ་ནི་དུས་དང་ཏག་ཏག་འཁེལ་བ་ཞིག་ཡིན་པ་མ་གྲོས་གཅིག་མཐུན་ངང་ངོས་འཛིན་བྱེད་ཀྱི་ཡོད།
ཨུ་རུ་སུ་དང་། ཁེར་གྷི་སི་ཐན། བྷེ་ཨུ་རུ་སུ། ཕ་ཁི་སི་ཐན། དབྱི་རན། ཁམ་ཕུ་ཁྲེ། ཁུ་པ། ཝེ་ནེ་ཙུའེ་ལ། སེར་པི་ཡ་སོཌ་རྒྱལ་ཁབ་ཀྱི་འཐུས་མིས་གཏམ་བཤད་སྤེལ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུཌ་ཐེན་ཅིན་དབུ་ཚོགས་དང་ཀྲུང་གོ་ཕྱོགས་ཀྱིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་བསྒྲུབས་པའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་ཚོས་ནན་བཤད་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་ལ་འདེམས་ཤོག་མང་པོ་ཐོབ་ནས་གྲོས་འཆམ་བྱུང་བ་ལས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་ཁས་ལེན་དང་རྒྱབ་སྐྱོར་བྱས་པ་མཚོན་གྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དེ་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་ལ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་ནུས་པ་གལ་ཆེན་ཐོན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།